འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྟོངས་ལ་ཉེ་བའི་དཔེ་རྙིང་ལ་མྱུར་སྐྱོབ་རང་བཞིན་ངང་སྲུང་སྐྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱིས་སྟོངས་ལ་ཉེ་བའི་དཔེ་རྙིང་ལ་མྱུར་སྐྱོབ་རང་བཞིན་ངང་སྲུང་སྐྱོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དང་། ས་ཁུལ་(གྲོང་ཁྱེར་)རྫོང་བཅས་རིམ་པ་གསུམ་གྱི་དཔེ་རྙིང་ཡོངས་བཤེར་གྱི་རིགས་གཅིག་མཁས་པས་ཉེ་ཆར་གཟའ་འཁོར་གཅིག་རིང་རྟོག་ཞིབ་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་བཞིའི་ཐག་རིང་དགོན་སྡེ་ཁག་གཅིག་ལ་དཔེ་རྙིང་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་གཏོང་རྣམ་གྲངས་ལ་ཚོད་སྐོར་བྱས་ནས་དུས་མཇུག་རྣམ་གྲངས་ལག་བསྟར་གྱི་ཇུས་གཞི་བཟོས་པ་རེད།
         བོད་ཀྱི་དཔེ་རྙིང་ཉར་ཚགས་ཚན་པའི་ཆ་རྐྱེན་ལེགས་གཏོང་རྣམ་གྲངས་ལ་རྟོག་ཞིབ་བྱེད་རིང་། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས“བོད་ནི་རྒྱལ་ཡོངས་སུ་བོད་ཡིག་དཔེ་རྙིང་ཉར་ཚགས་གྲངས་འབོར་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ད་ཆ་དཔེ་རྙིང་མང་པོ་ཞིག་དང་ལྷག་དོན་དུ་དཔེ་རྒྱུན་རྩ་ཆེན་དང་དཔེ་ཆ་དཀོན་རིགས་སྟོངས་ལ་ཉེ་བའི་གནད་དོན་འཕྲད་པས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།
         “མཐའ་མཚམས་ཐག་རིང་ལུང་ཁུག་གི་ཉར་ཚགས་ཚན་པའི་ཆ་རྐྱེན་ཞན་པའི་དོན་དངོས་ལ་བསམ་གཞིག་བྱས་ནས་ང་ཚོས་ལྗོངས་ཡོངས་སུ་དཔེ་རྙིང་ཡོངས་བཤེར་ལས་དོན་སྤེལ་བ་དང་སྦྲགས་ཚན་པ་དེ་དག་གི་དཔེ་རྙིང་ཉར་ཚགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་གང་ཐུབ་བྱས་ཏེ་རྩ་ཆེའི་དཔེ་རྙིང་དག་སྲུང་སྐྱོང་ནུས་ལྡན་ཡོང་བ་བྱ་རྩིས་ཡོད”ཅེས་སྤེན་པ་ཚེ་རིང་གིས་བཤད།
         རླངས་འཁོར་བསྡད་དེ་འགྲོ་བ་དང་། ཐེར་གེར་སྡོད་པ། རྐང་ཐང་མར་སྐྱོད་པ་སོགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་ནས་རྡོག་ཐོན་གྱིས་ཆུ་ཚོད་གསུམ་ཙམ་བསྐྱོད་རྗེས་རྩྭ་སྐོར་ཤང་མེ་མོ་གྲོང་ཚོའི་ལྷུན་མཚོ་དགོན་ལ་འབྱོར་ཞིང་། དཔེ་རྙིང་ཁག་གཅིག་མུན་ནག་པའི་མཆོད་ཁང་ནས་ཕྱིའི་ཉི་འོད་གསལ་བའི་སྒོ་རའི་ནང་འགྲེམ་པའི་སྐབས། དགེ་འདུན་པ་བྱམས་པའི་ནག་ཅིང་རིད་པའི་ངོ་གདོང་འཕྲལ་མར་འཛུམ་དམུལ་དམུལ་དུ་གྱུར།
         “ལོ་གཉིས་གོང་རིགས་གཅིག་མཁས་པས་དགོན་པའི་དཔེ་རྙིང་ཚང་མར་ཐོ་འགོད་བྱས་པ་མ་ཟད། ངར་དཔེ་རྙིང་ཉར་ཚགས་བྱེད་ཐབས་ཀྱང་བསླབས་བྱུང་། ད་རེས་ཁོང་རྣམ་པ་ཚོས་དཔེ་རྙིང་ཉར་ཚགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བར་སྐུ་ངལ་བསྐྱོན་པར་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང”ཞེས་བྱམས་པས་བཤད།
        གསར་འགོད་པར་ཤེས་རྟོགས་བྱུང་གསལ། བོད་ཀྱི་དཔེ་རྙིང་ཉར་ཚགས་ཚན་པ་གཙོ་ཆེ་དགོན་སྡེ་ཡིན་པ་དང་དཔེ་རྙིང་གི་གྲངས་འབོར་ཡང་ཆིག་སྟོང་ལྷག་ཟིན་ནས་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཉིས་དང་གྲོང་ཁྱེར་ལྔའི་རྫོང་74ལ་ཁྱབ་ཡོད། 2010ལོར་བོད་ཀྱིས་དཔེ་རྙིང་ཡོངས་བཤེར་ལས་དོན་དངོས་སུ་སྒྲུབ་འགོ་བརྩམས་ནས་མིག་སྔར་ཡོངས་བཤེར་ལས་དོན་གྱི་65%བསྒྲུབས་ཟིན་པ་རེད།
         སྤེན་པ་ཚེ་རིང་གིས་ཡོངས་བཤེར་ལས་དོན་ལོ་བདུན་སྤེལ་བའི་རིང་། བོད་ཀྱི་རིམ་པ་གསུམ་གྱི་ཡོངས་བཤེར་ལས་དོན་པས་ཆབ་མདོ་གྲོང་ཁྱེར་ཕུད་པའི་ས་ཁུལ་(གྲོང་ཁྱེར་)གྱི་ཡོངས་བཤེར་ལས་དོན་སྤྱིར་ན་བསྒྲུབས་ཟིན་པ་དང་། འདི་ལོར་ཆབ་མདོ་གྲོང་ཁྱེར་གྱི་རྫོང་བཞིར་ཡོངས་བཤེར་ལས་དོན་སྤེལ་ནས་2019ལོར་དཔེ་རྙིང་ཡོངས་བཤེར་ལས་དོན་སྤྱིར་ན་ལེགས་སྒྲུབ་བྱ་རྩིས་ཡོད་ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་ཐག་རིང་ལུང་ཁུག་གི་དཀའ་ངལ་ཆེ་བའི་ཉར་ཚགས་ཚན་པའི་དཔེ་རྙིང་དང་ཡང་སྒོས་སུ་དཔེ་རྙིང་རྩ་ཆེན་དང་དཀོན་རིགས་《རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང་》ནང་འཇུག་པའི་འདུན་ཞུའི་ལས་དོན་སྤེལ་རྒྱུ་མ་ཟད། ཉར་ཚགས་ཚན་པའི་དགོས་མཁོར་གཞིགས་ནས་གླེགས་ཤིང་དང། དཔེ་རས། གླེགས་ཐག གདོང་འཛར། དཔེ་ཁྲི་སོགས་རྒྱུན་སྲོལ་གྱི་ཉར་ཚགས་སྒྲིག་ཆས་ཀྱང་བཟོ་རྒྱུ་རེད།
         “ད་དུང་མྱུར་སྐྱོབ་རང་བཞིན་ངང་སྲུང་སྐྱོང་བྱེད་པའི་དཔེ་རྙིང་ཧ་ཅང་མང་པོ་ཡོད། ཡོངས་བཤེར་ལས་དོན་མཇུག་འགྲིལ་གྲབས་ཡོད་ཀྱང་དཔེ་རྙིང་ལ་མྱུར་སྐྱོབ་རང་བཞིན་ངང་སྲུང་སྐྱོང་ལས་དོན་འགོ་ཚུགས་མ་ཐག་ཡིན་པས་སླད་ཕྱིན་རྒྱུན་རྣམ་ཅན་དུ་འགྱུར་བ་བྱ་རྒྱུ་རེད”ཅེས་སྤེན་པ་ཚེ་རིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།