འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཁེ་ལས་ཀྱིས་ཟོག་འགྲེམས་རིག་ནུས་ཅན་གྱི་རིགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚོགས་བཞིན་པའི་སྐབས་གསུམ་པའི་ཀྲུང་གོ་(ཁྲང་ཁྲུན)རྒྱལ་སྤྱིའི་ཟོག་འགྲེམས་འགྲེམས་སྟོན་དང་རིག་ནུས་ཟོག་འགྲེམས་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། རིག་ནུས་ཟོག་འགྲེམས་ལག་རྩལ་ཞིབ་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁེ་ལས་མང་པོ་ཞིག་གིས་དོ་ཁུར་བྱེད་གནས་སུ་གྱུར་ཡོད་པ་རེད། ཟོག་འགྲེམས་ཁེ་ལས་འགའ་ཞིག་གིས་མི་མེད་གནམ་གྲུ་དང་མི་མེད་མཛོད་ཉར་སོགས་རིག་ནུས་མཐའ་སྣེ་བེད་སྤྱོད་བྱ་རྒྱུ་དང་། ཁ་གསལ་གཞི་གཅིག་ཅན་གྱི་མཁོ་སྤྲོད་སྦྲེལ་ཐག་གཏོད་རྒྱུ། དེ་བཞིན་རིག་ནུས་གཏོང་སྤྲོད་དང་འཚམ་པའི་དྲ་རྒྱའི་ལས་སྟེགས་བསྐྲུན་རྒྱུ་སོགས་ཐད་ཀྱི་ལག་རྩལ་གསར་གཏོད་ལ་གཞོལ་བཞིན་ཡོད་པ་རེད།
          ད་ཆ་རིག་ནུས་བཀོད་གཏོང་དང་རིག་ནུས་མཐུན་འདེགས་བྱ་རྒྱུ་རྒྱལ་ནང་དུ་ཟོག་འགྲེམས་ཁེ་ལས་མང་པོ་ཞིག་གིས་བདེ་བླག་ངང་སྤྱད་པས་ལས་ཕྱོད་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་ཆབས་ཅིག་མི་ཤུགས་ཐོན་ཁུངས་ཀྱང་གྲོན་ཆུང་ཐུབ་ཡོད་པ་རེད། ཟོག་འགྲེམས་ཁེ་ལས་ཁག་གཅིག་གི་འགན་འཁུར་བས་མིག་སྔའི་རིག་ནུས་ཟོག་འགྲེམས་ལག་རྩལ་དེ་སྔོན་གྱི་ཐེབས་ཆག་ནས་ཁ་བྲལ་ཏེ་ད་ཆ་སྔོན་ཐོན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། དཔེར་ན། རིག་ནུས་མཛོད་ཉར་དང་དབྱེ་འབྱེད་སོགས་ཀྱི་མ་ལག་རྒྱ་ཁྱབ་ངང་བེད་སྤྱོད་བྱས་པ་ལས“ལས་ཕྱོད་གསར་བརྗེ”བྱུང་ཡོད་ཅེས་ངོ་སྤྲོད་བྱས།
          ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཚུའེ་ཀྲུང་ཧྥུའུ་ཡིས། དྲ་སྦྲེལ་དང་ཟོག་འགྲེམས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དེ་འཕེལ་ཕྱོགས་ཤིག་ཏུ་གྱུར་ནས་ལག་རྩལ་གསར་པ་ཟོག་འགྲེམས་ལས་རིགས་ནང་སྤྱད་པས་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཆགས་ཏེ་ལས་ཕྱོད་མཐོ་རུ་གཏོང་བ་དང་མ་གནས་དམའ་རུ་གཏོང་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་བཤད།
          མི་མེད་གནམ་གྲུ་གཏོང་སྤྲོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཐད། སུའུ་ཉིང་ཟོག་འདྲེན་ཚོགས་པ་ཟོག་འདྲེན་གཉེར་སྐྱོང་ཀུང་སིའི་གྲབས་འཛུགས་དོ་དམ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་མོང་ལེ་ཕིང་གིས། ཟོག་འགྲེམས་ལས་ཕྱོད་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་གྲོང་གསེབ་ས་ཁུལ་གྱི་ཟོག་འགྲེམས་ལས་ཕྱོད་ཆེ་རུ་གཏོང་ཆེད། སུའུ་ཉིང་གིས“དྲ་རྒྱ་གཉིས་དང་ལས་སྟེགས་གཅིག”གཏོད་རྒྱུ་ཡིན་པ་སྟེ། བར་སྣང་དམའ་པོའི་མི་མེད་གནམ་གྲུའི་སྐྱེལ་འདྲེན་ཞབས་ཞུ“གནམ་དྲ”དང་། ས་ངོས་ཞབས་ཞུ“ས་དྲ”དེ་བཞིན་ཟོག་འགྲེམས་དང་འབྲེལ་བ་ཡོད་པའི“ལས་སྟེགས”བཅས་རེད། མིག་སྔར་སུའུ་ཉིང་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་འགའ་ཞིག་ཏུ་གནམ་དྲའི་མ་ལག་སྤྱད་དེ་མི་མེད་གནམ་གྲུར་རྗེས་སྙེགས་དང་གནས་གཏན་འཁེལ་བྱས་པ་དང་ཆབས་ཅིག་ཀུན་སྤྱོད་གནམ་ཐང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
          རིག་ནུས་ཟོག་འགྲེམས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་ཆ་འཕྲིན་མཉམ་སྤྱོད་གང་ལེགས་བྱ་རྒྱུ་དེ་རེད། འགྲེམས་བདེ་མ་རྐང་ཏུང་ཧྲིའི་ཙུང་ཚའེ་གཞོན་པ་ཧོང་པིང་གིས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དགོས་པ་མེད་པའི་ལྷུ་ཚིགས་ཀྱི་ཟོག་འགྲེམས་བརྒྱུད་རིམ་ཉུང་དུ་བཏང་ནས་ཟོག་འགྲེམས་དང་དེ་བཞིན་མཁོ་སྤྲོད་ཀྱི་ལས་ཕྱོད་མཐོ་རུ་གཏོང་རྒྱུ་དེ་དྲ་སྦྲེལ་དང་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱས་ནས་མཁོ་སྤྲོད་སྦྲེལ་ཐག་ཁྲོད་ཀྱི་ཟོག་འགྲེམས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁ་གསལ་ངང་སྦྲེལ་མཐུད་ཐུབ་པ་བྱེད་པ་དང་ཁ་གསལ་གཞི་གཅིག་ཅན་གྱི་མཁོ་སྤྲོད་སྦྲེལ་ཐག་འཛུགས་རྒྱུར་རག་ལུས་ཡོད་ཅེས་བཤད།
          མིག་སྔར། འགྲེམས་བདེ་སྤྲིན་ཚོགས་སྟེགས་བུས་སྐྱེལ་འདྲེན་བརྒྱུད་རིམ་གྱི་འབྲེལ་ཡོད་མི་སྣ་དང་། འཁོར་རིགས། དངོས་ཟོག མཛོད་ཉར་བཅས་དྲ་སྦྲེལ་དང་སྦྲེལ་མཐུད་བྱེད་པ་དང་ཆབས་ཅིག་དེ་ལས་གྲུབ་པའི་གྲངས་གཞི་འཚོལ་བསྡུ་དང་། ཐག་གཅོད། དབྱེ་ཞིབ་བཅས་བྱས་ཏེ་སྐྱེལ་འདྲེན་བརྒྱུད་རིམ་གྱི་བདེ་འཇགས་དང་། ཕན་འབྲས། མ་གནས་བཅས་མཐོང་ཐུབ་པའི་ལྟ་སྐུལ་ཚོད་འཛིན་ཐུབ་པ་བྱས་ནས་ཚོང་པས་ལག་ཐོགས་ཁ་པར་བརྒྱུད་ཟོག་འགྲེམས་བརྒྱུད་རིམ་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད་པ་རེད།
          ཟོག་འགྲེམས་ཁེ་ལས་ཆེ་གྲས་འགའ་ཤས་ཀྱིས་ཆ་འཕྲིན་མཉམ་སྤྱོད་དང་རིག་ནུས་ཟོག་འགྲེམས་ལག་རྩལ་ཞིབ་སྤེལ་ནང་རང་འགུལ་ངང་ཞུགས་ཀྱི་ཡོད། འདི་ལོའི་ཟླ་5པར་ཡོན་ཐུང་མྱུར་སྐྱེལ་གྱིས་སྣེ་ཁྲིད་དེ་སྐྲུན་འགན་འཁུར་བའི“ཟོག་འགྲེམས་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ལག་རྩལ་དང་དེ་བཞིན་རྒྱལ་ཁབ་ཀྱི་བཟོ་སྐྲུན་ཚོད་ལྟ་ཁང་བེད་སྤྱོད”ཅེས་པ་ཧྲང་ཧའེ་རུ་སྒོ་བྱང་བཀལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།