འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་བཙུགས་ནས་ལོ་གསུམ་སོང་རིང་གཡུར་ཟའི་གྲུབ་འབྲས་
    མང་པོ་ཐོབ་པ།

    ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་མི་སྣ་3051བྲོས་འདེད་བཏང་བ་དང་སྒོར་དུང་ཕྱུར་90.98འདེད་ལེན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚུགས་ཐོག་ཆ་འཕྲིན་སྤེལ་བར་གཞིགས་ན། ཟླ་6ཚེས་27ཉིན་ཀྲུང་དབྱང་རུལ་སུངས་ངོ་རྒོལ་གྱི་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་བཙུགས་ནས་ལོ་གསུམ་སོང་རིང་རུལ་སུངས་ངོ་རྒོལ་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། 2017ལོའི་ཟླ་5ཚེས་31ཉིན་བར“གནམ་རྒྱའི་བྱ་སྤྱོད”སྤེལ་ནས་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ནས་བྲོས་བྱོལ་མི་སྣ་3051བྲོས་འདེད་ཐུབ་པའི་ནང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་541ཡོད། མི་དམངས་ཤོག་སྒོར་དུང་ཕྱུར་90.98འདེད་ལེན་ཐུབ་ཡོད། མིག་སྔའི་བར“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་ནས་མི་41བཟུང་ཐུབ་ཡོད།
            ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་ཆེད་དོན་སྙན་སེང་ཐེངས་3གསན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་བྲོས་འདེད་དངུལ་འདེད་ལས་དོན་སྐོར་ཐེངས་80གསུངས་ཡོད། ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱ་ཆེད། 2014ལོའི་ཟླ་6ཚེས་27ཉིན་ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་དངོས་སུ་བཙུགས་པ་དང་བསྡུས་མིང་ལ་ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་བརྗོད་པ་ནི་ཀྲུང་དབྱང་སྒྲིག་ཨུད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཕྱི་འབྲེལ་པུའུ། སྤྱི་བདེ་པུའུ། བདེ་འཇགས་པུའུ། ཁྲིམས་འཛིན་པུའུ། མི་དམངས་དངུལ་ཁང་སོགས་ཚན་པ་8ལས་གྲུབ་ཡོད། ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གིས“སྤྱི་འདོམས་མཐུན་སྦྱོར་དང་ཞབས་ཞུར་ལྟ་སྐུལ”གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་དབྱང་གི་ངོས་ནས་ཚན་པ་མང་པོའི“ལེགས་ཆའི་དམག་ཤུགས”གཅིག་སྡུད་བྱས་ནས་བྲོས་འདེད་ལས་ཆོད་ཆེ་རུ་བཏང་བ་དང་། ས་ཁུལ་གྱི་ངོས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་འཛུགས་སྐྲུན་པིང་ཐོན་གྱིས་ཞིང་ཆེན་རིམ་པའི་བྲོས་འདེད་གཞུང་ལས་ཁང་བཙུགས་ཏེ“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”གྱོད་གཞི་སྒོ་བྱང་བཀལ་ནས་སྒྲུབ་གཉེར་བྱས་པ་དང་། དྲ་མིག་ལྟ་བུའི་མཐུན་སྦྱོར་མཉམ་སྒུལ་གྱི་གོ་ལ་ཧྲིལ་པོའི་མིག་མངས་འགྲིག་སྐོར་གཅིག་གི་ལས་ཀའི་རྣམ་པ་ཆགས་པ། བྲོས་འདེད་དངུལ་འདེད་ལས་དོན་ལ་ཆབ་སྲིད་དང་། ཕྱི་འབྲེལ། རུལ་སུངས་ངོ་རྒོལ། སྤྱི་ཚོགས་ཕྱོགས་བསྡུས་བཅས་ཀྱི་ཕན་འབྲས་ཐོབ་ཡོད།
           ལོ་གསུམ་ནང་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། གཞོགས་འདེགས་མཉམ་འཐབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་མཉམ་དུ་བསྔགས་བརྗོད་ཐོབ་པའི་གཡུལ་འགྱེད་ལས་དོན་སྤེལ་བ་སྟེ། 2015ལོ་ནས་བཟུང་ལོ་གསུམ་བསྟུད་མར“གནམ་རྒྱའི”བྱ་སྤྱོད་སྤེལ་ནས་ཕྱི་རྒྱལ་དུ་བྲོས་པའི་རུལ་སུངས་བར་གོ་ལ་ཧྲིལ་པོར་གནམ་རྒྱ་ས་རྙི་བཀྲམ་པ་དང་། 2015ལོའི་ཟླ་4ཚེས་22ཉིན“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”མིང་ཐོ་ཁྱབ་བསྒྲགས་བྱས་ཏེ་ཏའེ་ཞུའེ་མིང་དང་། ལི་ཧྭ་པོ། སུན་ཤིན་སོགས་གཅིག་རྗེས་གཉིས་མཐུད་ངང་ཁྲིམས་ལ་སྦྱར་བ་རེད། 2017ལོའི་ཟླ་4ཚེས་27ཉིན་བྲོས་བྱོལ་དུ་སོང་བཞིན་པའི་མི་སྣ་22ཡིབ་སའི་ཁུངས་སྣེ་ཁྱབ་བསྒྲགས་བྱས་པ་དང་། 2017ལོའི་ཟླ་5ཚེས་10ཉིན་ཁྲིམས་ལ་སྦྱར་བའི་མི་སྣ་40ཡི“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”རྗེས་མཐུད་ལས་དོན་སྤེལ་ཚུལ་ཁྱབ་བསྒྲགས་བྱས་ཏེ་དམ་ལྷོད་མཉམ་སྤྱོད་ཀྱི་བརྡ་བཏང་བ། མིག་སྔར་རང་རྒྱལ་གྱིས་ཧྥ་རན་སེ་དང་དབྱི་ཐ་ལི་སོགས་རྒྱལ་ཁབ་48དང་ཁྲིད་སྐྱེལ་ཆིངས་ཡིག་བཞག་པ་དང་། ཨ་རི་དང་། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར་སོགས་རྒྱལ་ཁབ་59དང་ཉེས་དོན་ཁྲིམས་འཛིན་རོགས་རེས་རིགས་ཀྱི་ཆིངས་ཡིག་བཞག་པ། ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་42དང་དངུལ་རྩའི་གསང་འཕྲིན་བརྗེ་རེས་ཀྱི་མཉམ་ལས་གྲོས་མཐུན་བཞག་ཡོད། སྒྲིག་འགལ་ལག་ཁྱེར་མེད་པ་བཟོ་བ་དང་། མ་དངུལ་ཕྱིར་རྒྱུག་ཐབས་ལམ་འགོག་པ། བྲོས་བྱོལ་འགོག་རགས་ནན་དུ་གཏོང་བ་བཅས་བྱས་པ་བརྒྱུད་ཕྱིར་བྲོས་མི་སྣ་གསར་པ་ལོ་རེས་ལས་ཉུང་དུ་ཕྱིན་པ་དང་2014ལོའི་མི་101དང་2015ལོའི་མི་31ནས་2016ལོའི་མི་19བར་ཉུང་དུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།