འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོའི་འདེམས་ཤོག་འཕེན་ཐེངས་གཉིས་པ་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོའི་འདེམས་ཤོག་འཕེན་ཐེངས་གཉིས་པ་བྱེད་རྒྱུ་ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན། མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོ་ཨུ་ལྷན་གྱི་ཀྲུའུ་ཞི་བསོད་ནམས་ཚེ་རིང་གིས་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོའི་འདེམས་ཤོག་འཕེན་ཐེངས་དང་པོའི་ནང་སྲིད་འཛིན་གྱི་འོས་མིར་འདེམས་ཤོག་ཐོབ་ཚད་50%ལས་བརྒལ་མེད་པའི་རྐྱེན་གྱིས། འདེམས་ཤོག་འཕེན་ཐེངས་གཉིས་པ་དེ་ཟླ་7ཚེས་9ཉིན་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
           བསོད་ནམས་ཚེ་རིང་གིས་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོ་ཨུ་ལྷན་ནས་འབྲེལ་ཡོད་ཁྲིམས་ལུགས་སུ་གཏན་འབེབས་བྱས་པར་གཞིགས་ནས་འདེམས་ཤོག་འཕེན་ཐེངས་གཉིས་པ་བྱེད་རྒྱུ་གཏན་འཁེལ་བྱས་པ་ཡིན་ཞེས་བརྗོད་པ་དང་། ཁོང་གིས་རྒྱ་ཆེའི་འདེམས་ཤོག་འཕེན་མཁན་ཚོ་སྲིད་འཛིན་འདེམས་བསྐོའི་འདེམས་ཤོག་འཕེན་ཐེངས་གཉིས་པའི་ནང་ཧུར་ཐག་ཞུགས་དགོས་རྒྱུའི་རེ་སྐུལ་གནང་བ་རེད།
            མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་སྟེ། མོང་གོལ་རྒྱལ་ཁབ་ཀྱི་འདེམས་ཤོག་འཕེན་མི་ཁྲི་198ཀྱི་ཁྲོད་ནས་མི་ཁྲི་135.7ཙམ་ཚེས་26ཉིན་གྱི་འདེམས་ཤོག་འཕེན་ཐེངས་དང་པོར་ཞུགས་ཡོད་པ་དང་། འདེམས་ཤོག་འཕངས་ཚད་ནི་68.27%ཡིན་པས། འདེམས་ཤོག་འཕངས་པའི་མཇུག་འབྲས་ཁྲིམས་མཐུན་རེད། མོང་གོལ་མི་དམངས་ཏང་གི་སྲིད་འཛིན་འོས་མི་ཨེན་ཧོ་པའོ་ལེ་ཏེར་འདེམས་ཤོག་411748ཐོབ་པ་དང་། དམངས་གཙོ་ཏང་གི་སྲིད་འཛིན་འོས་མི་པཱ་ཐི་ལེ་ཀར་འདེམས་ཤོག་517478ཐོབ་པ། མོང་གོལ་མི་དམངས་གསར་བརྗེའི་ཏང་གི་སྲིད་འཛིན་འོས་མི་ཀང་པཱ་ཐིར་འདེམས་ཤོག་409899ཐོབ་ཡོད་པ་རེད། སྲིད་འཛིན་འོས་མི་གསུམ་གྱི་འདེམས་ཤོག་ཐོབ་ཚད་50%ལས་བརྒལ་མེད་པ་རེད། 
            འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལ་གཞིགས་ན། སྲིད་འཛིན་འདེམས་བསྐོའི་འདེམས་ཤོག་འཕེན་ཐེངས་དང་པོའི་ནང་གི་འདེམས་ཤོག་ཐོབ་ཚད་མཐོ་བའི་སྲིད་འཛིན་འོས་མི་པཱ་ཐི་ལེ་ཀ་དང་ཨེན་ཧོ་པའོ་ལེ་ཏེ་གཉིས་ཀ་ཐེངས་རྗེས་མའི་འདེམས་ཤོག་འཕེན་པའི་ནང་ཞུགས་ཆོག་པ་རེད།
           མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོའི་འདེམས་ཤོག་འཕེན་ཐེངས་དང་པོ་ནི་ཚེས་26ཉིན་གྱི་ཆུ་ཚོད་7:00སྐབས་སྤེལ་འགོ་ཚུགས་པ་རེད། མོང་གོལ་རྒྱལ་ཁབ་ནི་གྲོས་ཚོགས་ལམ་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། སྲིད་འཛིན་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་འགོ་དཔོན་གཉིས་ཀ་ཡིན་ལ། ལས་འགན་ཁུར་ཡུན་ནི་ལོ་4རེ་ཡིན་པ་དང་བསྟུད་མར་ཁུར་ཡུན་འཐོལ་པ་རེ་ཁུར་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།