འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཁུལ་་རོང་བྲག་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་ཁྲི་3ལ་
    གནོད་འཚེ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་སི་ཁྲོན་དཀར་མཛེས་ཁུལ་རོང་བྲག་རྫོང་ཁོངས་ཀྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་སོགས་ཀྱི་ཆུ་བོ་རྒྱས་ནས་ས་ཆ་དེ་གའི་ཤང་དང་གྲོང་རྡལ་15ཡི་མི་ཁྲི་3ལྷག་ཙམ་ལ་གནོད་འཚེ་ཕོག་པ་མ་ཟད། འགྲོ་ལམ་མང་པོ་འགག་པ་དང་། ཞིང་ཁ་ཆུས་བསྣུབས་པ། ཆུ་བེད་དང་། གློག་ཤུགས། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ས་གནས་དེས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་ནས་མི་5000ལྷག་ཙམ་གནས་སྤོ་ཁ་འགྲེམས་བྱས་པ་རེད།
         ཚེས་16ཉིན་གྱི་ཉིན་དགུང་རོང་བྲག་རྫོང་ཨུད་དྲིལ་བསྒྲགས་པུས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་12ནས་ཚེས་15ཉིན་བར་རིམ་རྩིས་ལྟར་ན་ཆར་པ་འབབ་ཚད་ཧའོ་སྨི་75.5ཟིན་ནས་ས་ཆ་དེ་གའི་ཆུ་བོ་མང་པོ་ཞིག་ཉེན་ཟོན་ཆུ་ཁ་དང་རྒྱུག་ཚད་ལས་བརྒལ་བའི་ནང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཉེན་ཟོན་ཆུ་ཁ་ལས་སྨི་2.44བརྒལ་ཡོད། ཚེས་16ཉིན་ས་ཆ་དེ་གར་སྔར་བཞིན་ཆར་པ་འབབ་བཞིན་ཡོད།
         དྲག་ཆར་འབབ་པའི་རྐྱེན་གྱིས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནས་ཚུལ་ཐོན་ནས་རྫོང་ཁོངས་སུ་སྐྱོད་སའི་གཞུང་ལམ་བཞིའི་ནང་ནས་ཝ་ཏན་སོགས་གཞུང་ལམ་3འགག་པ་དང་ལམ་འོག་ཆུ་འགྲོ་20གཏོར་སྐྱོན་ཕོག་ཡོད། འཕྲིན་གཏོང་གློག་སྐུད་དང་། ཚོང་དོན་དྲ་ཚུགས། སྣུམ་སྣོན་ས་ཚིགས་སོགས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད།
         གནོད་འཚེ་ཕོག་རྗེས་རོང་བྲག་རྫོང་གིས་འཕྲལ་མར་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བ་དང་འཕྲལ་སྡོམ་མྱུར་སྐྱོབ་དཔུང་ཁག་20ལྷག་ཙམ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་བསྐྱོད་པ་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སོགས་སྡེ་ཚན་གྱིས་ཆུ་ཚོད་24སྡོད་བྱ་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།