འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི"ཆེས་དཀའ་ཚེགས་ཆེ་བའི་ཕུག་ལམ"ནང་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         རླངས་འཁོར་གྱི་སྐར་མ་ལྔའི་ལམ་ཐག་ལ་ཁོང་ཚོས་ལོ་13དཀའ་བ་སྤྱད་པ།
         ཤང་ཤང་དུ་རྒྱུག་པའི་རྫ་ཆུའི་ངོགས་ཀྱི་ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་བྲེལ་བརྩོན་ཆེན་པོས་སྐྲུན་བཞིན་ཡོད། འབྱུང་འགྱུར་ལྕགས་ལམ་དེ་ཨེ་ཤེ་ཡའི་ལྕགས་ལམ་དྲ་བ་དང་འབྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་བར་གྱི་འགྲིམ་འགྲུལ་གྱི་ལམ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
         ལོ་9ཡི་གོང་ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་གྱི་ཏ་ལི་ནས་པའོ་ཧྲན་བར་གྱི་ལམ་དུམ་སྐྲུན་འགོ་ཚུགས་པ་རེད། དུས་དེ་ནས་བཟུང་འཛུགས་སྐྲུན་པ་ཚོས་ལྕགས་ལམ་དུམ་བུ་དེའི་ཐོག་འཕྲེད་བཅད་རི་རྒྱུད་སྒྲོལ་བ་དང་སྲན་ཞོ་ལྟར་གྱི་བྲག་རྡོ་མཉེན་པོ་དང་། གློ་བུར་དུ་ཐོན་པའི་རྡོ་རུད་དང་ཆུ་རུད། མཐོ་སའི་ཚ་བ་བཅས་ཁྱད་བསད་བྱས་ཡོད།
         ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོའི་ལས་ཡུན་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་14.5ཡོད་པའི་ཏ་ཀྲུའུ་རི་བོའི་ཕུག་ལམ་ནི“དཀའ་ཚེགས་ཧ་ཅང་ཆེ་བའི”ཁུལ་ཞིག་རེད། ཕུག་ལམ་དེའི་ལས་དུས་ཐོག་མའི་ལོ་ལྔ་དང་ལོ་ཕྱེད་ནས་ལོ་8བར་ལེགས་སྒྲིག་བྱས་པ་དང་། དེ་རྗེས་སླར་ཡང་ལོ་13བར་ལེགས་སྒྲིག་བྱས་ནས་2021ལོར་སླེབས་སྐབས་གཞི་ནས་ལེགས་གྲུབ་ཐུབ་རྒྱུ་རེད། ཕུག་ལམ་གཅིག་ལ་ལོ་13འགོར་བ་དེ་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་འབྲི་ཆུའི་འགག་གསུམ་གྱི་རགས་ཆེན་འཛུགས་སྐྲུན་དུས་ཡུན་དང་མཚུངས་པ་དེ་ནི“དཀའ་ཚེགས་ཧ་ཅང་ཆེན་པོ”ཡོད་པས་ཡིན་པ་རེད། ཉེ་ཆར་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་རི་ཁུལ་བརྒྱུད“ཀྲུང་གོའི་ཆེས་དཀའ་ཚེགས་ཆེ་བའི་ཕུག་ལམ”དེ་ཡང་སྙིང་གང་འདྲ་ཞིག་ཡོད་མེད་བལྟ་བར་སྐྱོད་པ་ཡིན།
        “སྲན་ཞོ”ལྟར་གྱི་བྲག་རྡོར་ཨི་ཁུང་འབིགས་པ།
         ཕུག་ལམ་འདྲུ་སྐབས་དཀའ་ལས་ཁག་ཤོས་ནི་ས་གཤིས་རྙོག་འཛིང་ཆེ་བ་དེ་ཡིན།
         མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་གྱི་འཕྲེད་བཅད་རི་ཁུལ་ནི་འཛམ་གླིང་ཡོངས་ཀྱི་རྙོག་འཛིང་ཆེ་ལ་གཡང་གཟར་ཤོས་ཀྱི་རི་བོའི་གྲས་ཤིག་ཡིན་པ་དང་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཀུང་སི་བཞི་པའི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཡིའུ་ཧུང་ཧྲེང་གིས་རིང་ཚད་སྤྱི་ལེ་330ཡོད་པའི་ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་ནི་འཕྲེད་བཅད་རི་རྒྱུད་ཀྱི་ལྕགས་ལམ་དང་པོ་དེ་ཡིན་པའི་ཁྲོད་ཏ་ཀྲུའུ་རི་བོའི་ཕུག་ལམ་ཁོ་ནར་གས་སྲུབས་ས་རྒྱུད་6འཕྲེད་བརྒལ་གཏོང་དགོས་ཀྱི་ཡོད།
         ཏ་ཀྲུའུ་རི་བོའི་ཕུག་ལམ་འདྲུ་འགོ་ཚུགས་ཚུན་རྒྱལ་ཡོངས་ཀྱི་རིགས་གཅིག་མཁས་ཅན་མི་ཐེངས་500ལྷག་ཙམ་དེ་གར་རྟོག་ཞིབ་བྱེད་པར་ཡོང་ཡོད། ཁོང་ཚོའི་ཐུན་མོང་གི་ཆོད་སྡོམ་ནི་ཏ་ཀྲུའུ་རི་བོའི་ཕུག་ལམ་དེར་རྒྱལ་ནང་གི་ཕུག་ལམ་ཧ་ཅང་རིང་བའི་རྙོག་འཛིང་ཆེ་བའི་ཆད་རིམ་དང་། འདམ་ཆུ་དོན་མང་བ། ས་བབ་མཐོ་ལ་ཚ་བ་ཆེ་བ། བྲག་རྡོ་གས་པ་སོགས་ཀྱི་ཉེན་ཁ་སྣ་ཚོགས་ལྡན་པ་དང་། ས་གཤིས་རྙོག་འཛིང་ཧ་ཅང་ཆེ་ལ་འགྱུར་ལྡོག་མང་བ། ཨར་ལས་ཀྱི་དཀའ་ཚེགས་ཆེ་བ། ཨར་ལས་ཀྱི་ལག་རྩལ་དང་སྒྲིག་འཛུགས་བྱེད་དཀའ་བ་སོགས་ནི་ཏ་ལི་ནས་པའོ་ཧྲན་བར་གྱི་ལམ་དུམ་གྱི་ཉེན་ཁ་ཧ་ཅང་ཆེ་བའི་ཕུག་ལམ་གཅིག་པོ་དེ་རེད།
         ཕུག་ལམ་ནང་གྲུ་གཟིངས་གཏོང་ཐུབ་པ།
         “རིང་ཚད་ཤིན་ཏུ་རིང་བ་དང་། མཐོ་གནོན། ཆུ་མང་ལ་བྲག་ཞུན་ཆད་རིམ་ལྡན་པ”སོགས་ཀྱི་སྐོར་བརྗོད་སྐབས་མི་མང་པོ་ཞིག་གིས་དེའི་དོན་སྙིང་ཤེས་ཀྱི་མེད། ཕུག་ལམ་འདྲུ་མཁན་མང་པོ་མཐོང་མྱོང་བའི་གསར་འགོད་པས་ཀྱང་ཕུག་ལམ་ནང་ཆུ་ཧ་ཅང་མང་པོ་ཡོད་པ་ལས་གྲུ་གཟིངས་གཏོང་ཐུབ་ཀྱི་རེད་སྙམ་མྱོང་མེད།
         ཕུག་ལམ་གྱི་སྒོ་རྩར་གསར་འགོད་པས་ཆུ་ལྷམ་བརྗེས་པ་དང་ཕུག་ལམ་གི་སྒོ་རྩར་ཆུ་འཁྱིལ་བ་དེ་ལི་སྨི་10ཙམ་ཟིན་གྱི་འདུག ཕུག་ལམ་ནང་སྐྱོད་སྐབས་ཆུ་རྒྱུག་པའི་སྒྲ་ཧ་ཅང་གསལ་པོ་ཐོས་རྒྱུ་ཡོད་པ་དང་ས་ངོས་སུ་ཆུ་ཤང་ཤང་དུ་རྒྱུག་འགྲོ་བ་དེ་དབྱར་དུས་སུ་ཆར་པ་བབས་རྗེས་ཆར་ཆུ་རྒྱུག་པ་ལྟར་སྣང་། ཡུད་ཙམ་སོང་རྗེས་གསར་འགོད་པ་དང་བཅས་པའི་ཆུ་ལྷམ་ནང་ཆུས་ཁེངས་ཁར་སྟེང་ནས་ཆུ་ཐིགས་པ་མཚམས་མི་ཆད་པར་བརྒྱབ་ནས་གཟུགས་པོ་ཚང་མ་རློན་པོ་ཆགས་ཡོད།
        ཆུ་གཏིང་ཟབ་པའི་ཁར་ཚ་བ་ཆེ་བ།
        2015ལོའི་ཟླ་6པར་ཨར་སྐྲུན་པ་ཚོར་རིང་ཚད་སྤྱི་ལེ་3.5ཡོད་པའི་མཐོ་སའི་ཚ་བ་ཆེ་བའི་ལམ་དུམ་འཕྲད་ཡོད། ཕུག་ལམ་ནང་ལོ་གཅིག་དུས་བཞི་ཚང་མར་དྲོད་ཚད་ཧྲེ་ཧྲི་ཏུའུ་38ཟིན་པའི་ཕུག་ལམ་ནང་ཆུ་དོན་ནས་བཞའ་ཚན་ཧ་ཅང་ཆེན་པོ་ཡོད། ཨར་ལས་པ་ཚོས་གད་མོ་སློང་བའི་ཚུལ་གྱིས་དེ་གར་ཐོབ་ཆ་ཆེ་ཤོས་ནི་ཉིན་ལྟར“རླངས་ཁྲུས་རྒྱག་རྒྱུ་འདུག”ཅེས་བརྗོད་ཀྱི་འདུག
        ཨར་ལས་བྱ་ཡུལ་གྱི་ས་ངོས་ཤིག་ཐོག་ལྗིད་ཚད་ཏུན་ཡོད་པའི་འཁྱགས་པ་སྤུངས་ཡོད་པ་དང་ཉིན་ལྟར་རྣམ་གྲངས་པུའུ་ནས་ཁ་ལོ་བ་བཀོད་སྒྲིག་བྱས་ཏེ་པའོ་ཧྲན་གྱི་སྔོ་ཚལ་ཀུང་སིའི་གྲང་མཛོད་ནས་དེ་གར་འཁྱགས་པ་དབོར་གྱི་ཡོད། ཐེངས་རེར་ཏུན་རེ་བྱས་ཏེ་ཉིན་གཅིག་ལ་ཐེངས་བཞི་ལྔ་ཙམ་དབོར་དགོས་རུང་འཁྱགས་པ་དེ་དག་ཆུ་ཚོད་5ལྷག་ཙམ་སོང་རྗེས་བཞུར་འགྲོ་གི་ཡོད། འཁྱགས་པས་ཕུག་ལམ་ནང་དྲོད་ཚད་གཅོག་རྒྱུར་ནུས་པ་དེ་ཙམ་ཐོན་གྱི་མེད་མོད། འོན་ཀྱང་བཟོ་པ་ཚོས་ལས་ཀ་ཕྲན་ཙམ་བྱས་རྗེས་འཁྱགས་པ་ཡོད་སར་ངལ་གསོ་བར་འགྲོ་གི་ཡོད་རུང་ཚན་པ་གཅིག་གིས་ཆུ་ཚོད་གཉིས་ཙམ་ལས་ལས་ཀ་རྒྱུན་མཐུད་ནས་བྱེད་ཐུབ་ཀྱི་མེད།
        ཕུག་ལམ་གཅིག་ལ་ལོ་13འགོར་བ།
        ཅང་ཏུང་གིས“ལོ་9སོང་ཟིན་པ་དང་བཟོ་པ་ཁག་གཅིག་སློབ་ཆེན་ཐོན་རྗེས་ང་ཚོའི་འདི་གར་ལས་བགོས་བརྒྱབ་ནས་དགའ་རོགས་སྒྲིག་པ་དང་གཉེན་སྒྲིག་བྱས་ཏེ་ཕྲུ་གུ་གཉིས་སྐྱེས་ཟིན་པའང་ཡོད། ད་དུང་མི་མང་དག་ཅིག་ས་ཆ་འདི་ནས་ཁ་བྲལ་ཟིན་ཡོད། འོན་ཀྱང་ད་ལྟ་འདི་གར་བསྡད་པའི་ལས་མི་ཚང་མས་ལས་མཇུག་མ་འགྲིལ་བར་ལས་གནས་བརྟན་སྲུང་བྱེད་ཀྱི་ཡིན”ཞེས་བརྗོད་ཀྱི་འདུག་ཅེས་བཤད།
         ཅང་ཏུང་གིས“ང་རང་ལས་ཡུལ་དུ་སླེབས་སྐབས་བུ་མོ་སློབ་ཆུང་ལོ་རིམ་གཉིས་པར་འགྲོ་གི་ཡོད། ད་ཆ་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོར་འགྲོ་གི་ཡོད། ལོ་གཅིག་ནང་བུ་མོ་དང་མཉམ་དུ་སྡོད་པའི་དུས་ཚོད་ཉིན་15ནས་20བར་ལས་མེད། འདི་གར་དཀའ་ལས་ཧ་ཅང་ཆེན་པོ་ཡོད་རུང་གཅེན་གཅུང་ལྟ་བུ་ཡིན་པས་ང་ཚོས་ལས་མཇུག་མ་འགྲིལ་བར་ལས་ཀ་ཡག་པོ་བྱེད་པ་ལས་ཕྱིར་བཤོལ་བྱེད་མི་སྲིད”ཅེས་བཤད།
         1992ལོར་སྐྱེས་པའི་ཝུའུ་ཧའོ་ཡིས་ཀྱང་ལས་གནས་དེ་བརྟན་སྲུང་བྱ་རྒྱུའི་གདམ་ག་བྱས། ཝུའུ་ཧའོ་ཡི་ཕ་ཧྲའན་ཤིས་ཝུའེ་ནན་ནས་པའོ་ཧྲན་དུ་ཡོང་སྟེ་ཝུའུ་ཧའོ་ལ“ཕ་དང་མཉམ་དུ་ཁྱིམ་ལ་ལོག་འགྲོ། དཀའ་ལས་འདི་ལྟ་བུ་རྒྱག་དོན་མེད”ཅེས་པ་སོགས་བརྗོད་རུང་ཝུའུ་ཧའོ་ཡིས་ཁས་བླངས་མེད། ཝུའུ་ཧའོ་ཡི་ཕར་PVCབཟོ་གྲྭ་ཞིག་ཡོད་པ་དེ་ཝུའུ་ཧའོ་ལ་རྩིས་སྤྲོད་རྩིས་ཡོད་རུང་ཝུའུ་ཧའོ་ཡིས“འདི་གར་ཡོང་ནས་རང་ཉིད་ར་སྤྲོད་ཐུབ་པ་བྱ་རྒྱུ་དེ་ཡིན་པས་ལས་ཀ་ཕྱེད་ཀ་བྱས་ཏེ་ཕྱིར་ལོག་བྱས་ན་ག་ནས་འགྲིག”ཅེས་བརྗོད།
        “ཕུག་ལམ་ཤར་གཏོང་ཐུབ་སྐབས་ཚང་མ་ཚང་ཚང་རུབ་རུབ་ཏུ་སྡོད་རྒྱུ”དེ་ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་བཟོ་པའི་ཁ་ཆད་ཡིན།
         མིག་སྔར་ཏ་ཀྲུའུ་རི་བོའི་ཕུག་ལམ་སྨི་11000ཙམ་འདྲུས་ཟིན་པ་དང་མཐའ་མའི་ཆད་རིམ་དེར་འགག་སྒྲོལ་བྱེད་བཞིན་ཡོད། མྱུར་ཚད་དེ་ལྟ་བུར་གཞིགས་ན་ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་2020ལོར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་ཐུབ་བཟོ་ཡོད་པ་རེད།
         སྐབས་དེ་དུས་མེ་འཁོར་གྱིས་སྐར་མ་5ཙམ་ལ་སྤྱི་ལེ་14.5ཡོད་པའི་ཏ་ཀྲུའུ་རི་བོའི་ཕུག་ལམ་སྒྲོལ་ཐུབ་རྒྱུ་རེད། མེ་འཁོར་དུ་བསྡད་དེ་ཡུལ་ལྗོངས་ཉམས་སུ་མྱོང་མཁན་འགྲུལ་པ་མི་ཉུང་བ་ཞིག་གིས་སྐར་མ་5ཡི་ལམ་དུམ་བུ་དེར་མི་མང་པོ་ཞིག་གིས་ལོ་13གྱི་ལང་ཚོ་སྐྱེས་སུ་ཕུལ་བ་ག་ལ་ཤེས།
      

    ཕྱོགས་བསྡུས་གསར་འགྱུར།