འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་ཁེ་ལས་ཁེན་ནི་ཡར་བསྐྱོད་དེ་མཉམ་ལས་ཀྱི་ཚོང་ལམ་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ཧྲེན་ཀྲེན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མ་འཇོག་གི་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་ཧྲེན་ཀྲེན་གྱི་ཁེ་ལས་40འོས་སྦྱོར་ཚོགས་འདུར་ཞུགས་ཏེ་མཉམ་ལས་ཀྱི་ཚོང་ལམ་གསར་པ་འཚོལ་རྒྱུ་རེད།
         ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ལུའུ་ཕུང་ཆིས་ཤིས་ཚིག་གསུངས་སྐབས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་གོ་འདི་ཉིད་ཁེན་ནི་ཡའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་དེར་གྱུར་ཡོད། ཀྲུང་གོའི་དཔལ་འབྱོར་གསོན་ཤུགས་དང་གསར་གཏོད་ནུས་པ་ཆེ་ཤོས་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པའི་ཧྲེན་ཀྲེན་དང་ཁེན་ནི་ཡའི་དབར་ཕན་ཚུན་དགོས་མཁོ་དང་མཉམ་གནས་ཀྱི་གོ་སྐབས་ཡོད་པས་ཧྲེན་ཀྲེན་འཐུས་མི་ཚོགས་པ་ད་ཐེངས་འཚམས་འདྲིར་ཡོང་བ་དེས་ཕྱོགས་གཉིས་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་ཟབ་ཏུ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
         ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔལ་འབྱོར་ཚོང་དོན་གྱི་ཚན་ཙན་ཀུའོ་ཚེས་ཀྲུང་གོ་འདི་ཉིད་ཁེན་ནི་ཡའི་ཚོང་དོན་མ་འཇོག་གི་རོགས་ཟླ་ཆེ་ཤོས་སུ་གྱུར་པ་མ་ཟད། ཕྱི་རྒྱལ་གྱི་འགན་གཙང་ལེན་མཁན་གྱི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་སུའང་གྱུར་ཏེ་ཁེན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱེད་ཙམ་གྱི་འགན་གཙང་བླངས་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཁེན་ནི་ཡ་འདི་ཉིད་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་སྒོ་ཡིན་པའི་ངོས་ནས་ཀྲུང་གོའི་ཁེ་ལས་ཨ་ཧྥེ་རི་ཁར་བསྐྱོད་པའི་གདམ་ག་བྱ་ཡུལ་ས་ཚིགས་དང་པོ་དེ་རེད། ཀྲུང་གོའི་ཁེ་ལས་ཁེན་ནི་ཡར་བསྐྱོད་དེ་མ་འཇོག་བྱེད་པར་བདེ་འཇགས་གནས་ཚུལ་ལ་དོ་ཁུར་བྱས་ནས་དུས་འགོའི་བརྟག་ཞིབ་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།