འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅༎ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་རྒྱུན་སྲིང་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་
    ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་(ཨེ་ཤེ་ཡ་མ་འཇོག་དངུལ་ཁང)གི་ལས་འཛིན་ལོ་ཚོགས་སྐབས་གཉིས་པ་ཟླ་6ཚེས་16དང་17ཉིན་ཧན་གོའི་ཅི་ཀྲོའུ་རུ་འཚོགས་པ་རེད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཀྲུང་གོའི་ལས་འཛིན་དང་ཀྲུང་གོའི་ནོར་སྲིད་པུའི་པུའུ་ཀྲང་ཤའོ་ཅེ་ཡིས་ལོ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་རྒྱུན་སྲིང་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་ཞེས་བཤད་པ་རེད།
         ཤའོ་ཅེའི་གཏམ་བཤད་ནང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གྲབས་འཛུགས་དང་གཉེར་སྐྱོང་དོ་དམ་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ལ། ཁོངས་མི་ཁག་གིས་ཀྱང་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་འབྱུང་འགྱུར་འཕེལ་རྒྱས་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད། 2016ལོའི་ཟླ་དང་པོར་ལས་སྒོ་གཉེར་འགོ་ཚུགས་པ་ནས་བཟུང་། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཁོངས་མི་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་རྩ་འཛུགས་ཀྱི་སྒྲོམ་གཞི་སྐྲུན་པ་སོགས་ཀྱི་ལས་དོན་ལས་ཕྱོད་ཆེན་པོས་ལེགས་སྒྲུབ་བྱས་པས་འགོ་འཛུགས་ལམ་ལྷོངས་བྱུང་བ་དང་ས་ཁོངས་ཕྱི་ནང་གི་ཁོངས་མི་གསར་པ་23གཅིག་རྗེས་གཉིས་མཐུད་ངང་ཞུགས་ནས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ཉིད་ཀྱང་ཕྱོགས་མང་གསར་སྤེལ་ཁོངས་གཏོགས་ནང་གི་ཁོངས་མི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་འཁོད་ཡོད།
         སྐབས་འདིའི་ལོ་ཚོགས་ཐོག་ཐང་ཀ་དང་། ཨ་ཀེན་ཐིན། མ་ཏ་ཀི་སི་ཁར་བཅས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཁག་གསུམ་པའི་ཁོངས་མི་གསར་པའི་གྲས་སུ་བརྩིས་ནས་ཞུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། རྒྱ་གར་གྱི་ལས་འཛིན་པ་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་ཧ་སག་སི་ཐན་གྱི་ལས་འཛིན་པ་དང་ནོར་ཝེ་ཡི་ལས་འཛིན་པ་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱས་པ། སྐབས་གསུམ་པའི་ལས་འཛིན་ལོ་ཚོགས་2018ལོའི་ཟླ་6ཚེས་25ཉིན་དང་ཚེས་26ཉིན་རྒྱ་གར་གྱི་འབོམ་འབེལ་དུ་འཚོག་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།