འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་དབུལ་སྒྲོལ་གཞུང་ལམ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ན་ནིང་རྒྱལ་ལམ་318སྒྱུར་བཀོད་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཚོང་ཁང་གི་ཚོང་ཡག་པོ་ཏུ་ཕྱིན་སོང་། ད་ཆ་ཉིན་ལྟར་ཆ་སྙོམས་འགྲུལ་པ་མི་ཐེངས་500ལས་བརྒལ་བར་སྣེ་ལེན་ཞུས་ཏེ་ཉིན་གཅིག་གི་ཡོང་འབབ་མང་ཤོས་སྐབས་སྒོར་ཁྲི་1ལས་བརྒལ་གྱི་འདུག”ཅེས་སི་ཁྲོན་ཞིང་ཆེན་དཀར་མཛེས་སྡེ་རོང་རྫོང་གི“སྐྱས་སྤོས་ཚོ་པའི”ཡུལ་ཟོག་སྦྱིན་བདག་ལུའུ་ཞའོ་ཧུང་གིས་དགའ་ཚོར་ཆེན་པོས་བཤད། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་འཕེལ་རྒྱས་ཀྱིས་ས་ཁོངས་ཀྱི་དབུལ་སྐྱོར་ཐད་སྔོན་ཁྲིད་རང་བཞིན་གྱི་ནུས་པ་ཐོན་པར་སི་ཁྲོན་ཞིང་ཆེན་གྱིས་མཐོང་ཆེན་བྱས་ཏེ་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་ཅིག་ཧུར་ཐག་བཏོད་ཡོད། མིག་སྔར། ཞིང་ཆེན་དེ་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་32.4ཟིན་པ་དང་སྔོན་ཆད་ལོ་4རིང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་10ཙམ་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་པ། མྱུར་བགྲོད་གཞུང་ལམ་སྤྱི་ལེ་6519ལ་རླངས་འཁོར་ཤར་གཏོང་ཐུབ་ནས་དམིགས་ཚད་ཁག་ཚང་མ་རྒྱལ་ནང་གི་མདུན་གྲལ་དུ་སླེབས་ཡོད་པ་རེད།
           དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཧྲང་ཧའེ་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲེང་ཏུའུ་ནས་ཆབ་མདོའི་འབྲེལ་གཏུག་ལམ་ཐིག་བར་གྱི་ལམ་དུམ་བུ་གལ་ཆེན་ཞིག་ཡིན་ལ། ནང་ས་ནས་རྔ་པ་བོད་རིགས་ཆའང་རིགས་ས་ཁུལ་དུ་སྐྱོད་པའི་དཔལ་འབྱོར་བར་ཁྱམས་དང་འཐབ་ཇུས་ཀྱི་བར་ཁྱམས་ཤིག་ཀྱང་རེད། “བྲག་རི་གཡང་གཟར་བ་དང་ཕུག་ལམ་གུ་དོག་པས་ཨར་སྐྲུན་གྱི་དཀའ་ཚེགས་ཆེ་རུང་དུས་བཀག་ཐོག་ལེགས་གྲུབ་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད”ཅེས་འཛུགས་སྐྲུན་པ་ཚོས་བརྗོད། སི་ཁྲོན་ཞིང་ཆེན་ནང་ཁོངས་ཀྱི་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཨང་དང་པོ་སྟེ་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་ཡུལ་དུ་ཚ་ཚ་འུར་འུར་གྱིས་འཛུགས་སྐྲུན་བྱེད་བཞིན་འདུག ལམ་དུམ་24ཚང་མར་ཉིན་ལྟར་མི་ཁྲི་ལ་ཉེ་བས་བྲེལ་འཚུབ་ཆེན་པོས་ལས་ཀ་བྱས་ཏེ་2018ལོར་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱེད་ཀྱི་འདུག རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་སོགས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་སི་ཁྲོན་གྱིས་དམ་འཛིན་བྱས་ནས་སི་ཁྲོན་ནས་འགྲོ་འོང་བྱེད་པའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས། སི་ཁྲོན་ནས་ཐོན་པའི་མྱུར་བགྲོད་གཞུང་ལམ་དེ་2012ལོའི་ཁག་12ནས་18བར་མང་དུ་ཕྱིན་ཡོད་པ་རེད།
          ཕྱི་བགྲོད་ལམ་དང་སྦྲེལ་མཐུད་བྱེད་པ་དང་དུས་མཚུངས། སི་ཁྲོན་གྱིས་ཞིང་ཆེན་ནང་ཁོངས་ཀྱི་གཞུང་ལམ་དྲ་བ་བཀོད་སྒྲིག་བཟང་སྒྲིག་བྱ་རྒྱུར་མཐོང་ཆེན་པོ་བྱས་ཤིང་། གཡག་རྔར་ཆ་མཚོན་ན། རྒྱལ་ལམ་ཁག་བཞི་དང་ཞིང་ལམ་ཁག་བཅུ་ནི་མ་ལམ་གཙོ་བོ་ཡིན་པ་དང“གཞུང་ལྔ་འཕྲེད་བདུན”གྱི་སྤྱིར་བཏང་མ་ལམ་གྱི་གཞུང་ལམ་དྲ་བའི་བཀོད་པ་གྲུབ་སྟེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་ལམ་ཚད་སྤྱི་ལེ་1302ཟིན་པ་དང་། ན་ནིང་རྒྱལ་ལམ་351ལམ་ཐིག་བསྐྱར་སྐྲུན་བྱས་པ་དེས་གཡག་རྔ་གྲོང་ཁྱེར་བྱང་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གང་ལེགས་ཐུབ་ནས་མི་སེམས་ལ་སྐུལ་མ་ཐེབས་པའི་དམར་དམག་རིག་གནས་དང་གདོད་མའི་སྣོད་བཅུད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་སོགས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་གྱི་ཡིད་ཀྱི་བརྟན་པ་དབང་མེད་ཕྲོགས།
          ཤིས་ལིང་ནས་ཏ་ཁྲོན་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་མཚམས་སུ། ཏ་དབྱི་རྫོང་ཤིས་ལིང་གྲོང་རྡལ་ཧྥེ་ཧྲུའེ་གྲོང་ཚོའི་གྲོང་མི་ཝུའུ་ཀྲི་ཧའོ་ཡི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ། “གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཕྱིར་བསྐྱོད་རྒྱུ་དང་དེ་གའི་ཡུལ་ཟོག་དང་སྨན་རྩྭ་ཕྱིར་འཚོང་རྒྱུར་སྟབས་བདེ་བྱུང་བ་མ་ཟད། ད་དུང་འགྲོ་འོང་བྱེད་མཁན་མང་དུ་ཕྱིན་ནས་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་བཤད། སི་ཁྲོན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་གསར་དང་། ཐོན་ལས་གླིང་། གྲོང་གསེབ་ཀྱི་སྡེ་ཁུལ་བཅས་བར་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡུལ་སྐོར་ལམ་དང་། ཐོན་ཁུངས་ལམ། ཐོན་ལས་ལམ་བུ་ནུས་ཤུགས་ཡོང་རྒུས་བསྐྲུན་ཏེ་ལམ་གཅིག་ཡུལ་ཕྱོགས་གཅིག་གི་གླིང་དང་སྦྲེལ་མཐུད་ཐུབ་ནས་ཡུལ་ཕྱོགས་གཅིག་གི་ཐོན་ལས་ལ་ཁྲིད་སྟོན་ཐུབ་སྟེ། ཡུལ་ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་ཤིང་། མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་ཤང་གྲོང་རྡལ་97.2%ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་92%ལ་ཨར་འདམ་ལམ་བསྐྲུན་ཡོད་པས་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།