འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་མ་འཇོག་ལས་སིང་ཀ་ཕོར་ལ"འཚོ་བ་སྐྱེལ་སྟངས"གསར་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། སིང་ཀ་ཕོར་གྱི་སློབ་ཆེན་སློབ་མ་ཆིའུ་ཏེ་ཡོན་ད་ཆ་མཉམ་སྤྱོད་རྐང་འཁོར་བཞོན་ནས་ས་འོག་ལྕགས་ལམ་བབས་ཚུགས་ནས་རང་ཁྱིམ་དང་སློབ་གྲྭ་གཉིས་བར་ཕར་འགྲོ་ཚུར་འོང་བྱ་རྒྱུར་གོམས་ཡོད་ཅིང་། དེ་ནི་ཀྲུང་གོས་མ་འཇོག་བྱས་པའི་མཉམ་སྤྱོད་རྐང་འཁོར་ལས་ཁོང་གི་འཚོ་བ་སྐྱེལ་སྟངས་ལ་བྱུང་བའི་འགྱུར་ལྡོག་ཅིག་རེད།
         ད་ལོའི་ལོ་སྟོད་དུ། ཀྲུང་གོའི་མཉམ་སྤྱོད་རྐང་འཁོར་ཀུང་སི་ofoདང་མོ་པེ་སྔ་རྗེས་སུ་སིང་ཀ་ཕོར་གྱི་ཁྲོམ་རར་ཞུགས་པ་དང་། ད་ལོའི་ཟླ་5པའི་བར་ofoཁོ་ནར་སིང་ཀ་ཕོར་དུ་རིམ་རྩིས་བྱས་ན་སྤྱོད་མཁན་ཐོ་འགོད་བྱེད་ཚད་ཁྲི་10ཙམ་ཟིན་པ་དང་ཉིན་རེའི་མངགས་ཐོའི་ཚད་གཞི་ཁྲི་2ཟིན་གྱི་ཡོད།
         ཀྲུང་གོའི་སྟབས་བདེའི་འགྲོ་སྐྱོད་ལོངས་སུ་སྤྱོད་མཁན་ནི་ཆིའུ་ཏེ་ཡོན་དང་མཉམ་སྤྱོད་རྐང་འཁོར་སྤྱོད་མཁན་གཞན་ཞིག་མིན་པར་སིང་ཀ་ཕོར་དུ"ཨེ་ཤེ་ཡ་ཤར་ལྷོའི་རྣམ་པའི་ཏེ་ཏེ"ཞེས་ཀུ་རེའི་ཚུལ་དུ་བརྗོད་པའི་སྒུལ་བདེ་འགྲོ་སྐྱོད་ཞབས་ཞུའི་ལས་སྟེགས་Grabཡང་ཁྱབ་བཞིན་པའི་སྒང་ཡིན། ཀུང་སི་དེར་2015ལོར་ཀྲུང་གོའི་ལས་རིགས་གཅིག་པ་ཏེ་ཏེ་འགྲོ་སྐྱོད་ཀྱི་མ་འཇོག་ཐོབ་ཡོད་པ་དང་། དེས་མྱུར་འཁོར་དང་། ཆེད་འཁོར། ཞོར་འཁོར་སོགས་འགྲོ་སྐྱོད་རྣམ་པ་གསར་པ་ཡུལ་དེ་གའི་མི་སེར་ལ་མཁོ་སྤྲོད་བྱས་པ་མ་ཟད་ད་དུང་འགྲོ་སྐྱོད་ཀྱི་གྲོན་དངུལ་སྤྲོད་པ་དེ་དམ་འཛིན་བྱེད་སར་བྱས་ནས་ཡུལ་དེ་གའི་སྒུལ་བདེ་གཏོང་སྤྲོད་དང་དྲ་རྒྱའི་དངུལ་རྩའི་ཁྱབ་ཁོངས་ནང་ཞུགས་འགོའང་བརྩམས་ཡོད།
         མཉམ་སྤྱོད་རྐང་འཁོར་རམ་ཡང་ན་དྲ་འབོད་འཁོར་རིགས་གང་ཡིན་རུང་ཚང་མས་ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་མ་འཇོག་ལས་བྱུང་བའི་སིང་ཀ་ཕོར་གྱི་ཡུལ་མིར་ཐོན་པའི་མཉམ་སྤྱོད་དཔལ་འབྱོར་གྱི་ཉམས་ལེན་གསར་པ་མཚོན་གྱི་ཡོད་པ་དང་། དོན་དངོས་ཐོག་ཀྲུང་གོའི་མ་འཇོག་ལས་སིང་ཀ་ཕོར་གྱི་དཔལ་འབྱོར་དང་དམངས་འཚོའི་ཤུགས་རྐྱེན་དུས་ཡུན་རིང་པོར་གནས་ཁར་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
         སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་གཉེར་ཁྲུས་བཏོན་པའི་གྲངས་གཞི་ལྟར་ན། 2016ལོར་ཀྲུང་གོས་སིང་ཀ་ཕོར་གྱི་དངུལ་རྩའི་རིགས་མིན་པར་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་42.05བཏང་བ་དེས་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་མ་འཇོག་བྱེད་ཚད་ཀྱི་45.2%དང་། ཀྲུང་གོས"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་དངུལ་རྩའི་རིགས་མིན་པར་ཐད་ཀའི་མ་འཇོག་བྱས་པའི་བསྡོམས་འབོར་གྱི་28.9%བཟུང་བ་བཅས་རེད།
         སིང་ཀ་ཕོར་གྱི་ནན་དབྱང་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་གི་ཡོན་ཀྲང་ཞུས་ཀྲེན་དབྱིས་བལྟས་ན། སིང་ཀ་ཕོར་གྱི་དཔལ་འབྱོར་ལ་ཀྲུང་གོས་མ་དངུལ་བཏང་བ་ལས་ཤུགས་རྐྱེན་ཕྱོགས་གཉིས་ནས་ཐེབས་ཡོད་པ་བསྟན་པ་སྟེ། གཅིག་ནས་སིང་ཀ་ཕོར་གྱི་སྒྲིག་བཀོད་གལ་ཆེན་ཁག་གཅིག་ནི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བ་དཔེར་ན་ས་འོག་ལྕགས་ལམ་དང་། ཁང་པ། ལས་ཤག ལམ་དང་ཟམ་པ་སོགས་ལྟ་བུ་ཡིན། ཀྲུང་གོའི་མ་འཇོག་ཁེ་ལས་སིང་ཀ་ཕོར་གྱི་ཞབས་ཞུའི་ཁྱབ་ཁོངས་ཏེ་བཟའ་བཏུང་ལས་རིགས་དང་སིལ་འཚོང་ལས་རིགས་སོགས་ལྟ་བུར་ཞུགས་ནས་སིང་ཀ་ཕོར་གྱི་ཡུལ་དེ་གའི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་དང་གདམ་ག་གསར་པ་བྱུང་སྟེ་དམངས་འཚོར་ཕན་ཐོགས་ཡོད། གཉིས་ནས་ཀྲུང་གོའི་མ་འཇོག་ཁེ་ལས་མང་པོས་སིང་ཀ་ཕོར་ཉིད་ཨེ་ཤེ་ཡ་ཤར་ལྷོའི་སྤྱི་ཁྱབ་པུའུ་རུ་བརྩིས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་ར་གསར་འབྱེད་བྱས་པ་དཔེར་ན་པའོ་ཀང་དང་། རེ་བ་གསར་པ། ཧྭ་ནུས་ལྟ་བུ་ཡིན་པ་དང་། དངུལ་རྩའི་སྒྲིག་གཞི་དཔེར་ན་དམངས་འཚོའི་དངུལ་ཁང་ལྟ་བུས་སིང་ཀ་ཕོར་ནས་གླིང་ཆེན་ཨ་མེ་རི་ཁ་བྱང་མའི་ཁྲོམ་ར་གཏོད་ཡོད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཁྱབ་ཁོངས་དེ་དག་ཏུ་མ་འཇོག་བྱས་པས་སིང་ཀ་ཕོར་གྱི་ཨེ་ཤེ་ཡ་ཤར་ལྷོའི་ཚོང་ལས་དང་དངུལ་རྩའི་ལྟེ་གནས་ཀྱི་གནས་བབ་རྒྱུན་སྐྱོང་བའི་ཐད་རོགས་ཕན་ཡོད་པའི་ངོས་འཛིན་བྱས་པ་རེད།
         "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དོན་འཁྱོལ་བྱས་པ་ལས་སིང་ཀ་ཕོར་དུ་ཀྲུང་གོའི་མ་འཇོག་གི་གཟུགས་བརྙན་ཐད་འགྱུར་ལྡོག་གསར་པ་བྱུང་ཡོད། སྔོན་ཆད་ཁེ་ལས་ཀྱིས་ཡུལ་དེ་གའི་རྣམ་གྲངས་མཉམ་ཉོ་དང་གཉེར་སྐྱོང་བྱེད་པ་དང་མི་མཚུངས་པར་ད་ཆ་ཀྲུང་གོའི་ཁེ་ལས་སྔར་བས་མང་བས་སིང་ཀ་ཕོར་གྱི་ཁེ་ལས་དང་མཉམ་ལས་བྱས་ཏེ་ཕྱི་རྒྱལ་གྱི་ཁྲོམ་ར་གསར་འབྱེད་བྱེད་པ་དམིགས་ཡུལ་དུ་བྱས་ནས་སིང་ཀ་ཕོར་དུ་མ་འཇོག་བྱེད་ཀྱི་ཡོད་པ་རེད།
         ཐིན་ཤིན་འཕེལ་རྒྱས་ཀྱི་སྤྱི་ཁྱབ་ཅིང་ལི་ཧྲི་ཅན་ཐའོ་ཡིས་སིང་ཀ་ཕོར་གྱིས་ཀྲུང་གོའི"རྒྱུད་གཅིག་ལམ་གཅིག"གི་མ་འཇོག་ནང་ཕྱོགས་གཅིག་ནས་ཀྲུང་གོའི་ཁེ་ལས་ལ་ཆེད་ལས་དང་སྔོན་ཐོན་གྱི་ཞབས་ཞུ་དང་དོ་དམ་གྱི་འདུ་ཤེས་མཁོ་འདོན་བྱེད་པ་དང་། ཕྱོགས་གཅིག་ཤོས་ནས་ཁྲོམ་ར་རྒྱ་བསྐྱེད་དང་ཁྱབ་ཁོངས་ཆེར་གཏོང་གི་གོ་སྐབས་མང་པོ་བྱུང་ནས་དེ་ཉིད་རྒྱལ་སྤྱིའི་ཁྲོམ་རའི་དོ་སྣང་ཐོབ་པ་དང་ཞུགས་རྒྱུར་སྒུག་པའི་ཞབས་ཞུ་རྣམ་པའི་དཔལ་འབྱོར་གཉེར་སྟངས་དེ"རྒྱུད་གཅིག་ལམ་གཅིག"སྐྲུན་པ་དང་སྦྲགས་རང་འགུལ་ངང་ཞབས་ཞུ་དང་དོ་དམ་ཕྱིར་གཏོང་བརྒྱུད་རྒྱལ་སྤྱིའི་ཁྲོམ་རའི་དཀྱིལ་ཁུལ་དུ་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་གསར་པའི་བར་འགྱུར་ལྡོག་གཏོང་རྒྱུ་རེད་ཅེས་བཤད།
         ཟླ་5ཚེས་11ཉིན་བར་ཀྲུང་གོ་དངུལ་ཁང་སིང་ཀ་ཕོར་ཡན་ལག་དངུལ་ཁང་གིས"རྒྱུད་གཅིག་ལམ་གཅིག"གི་འབྲེལ་ཡོད་རྣམ་གྲངས་ཐད་མ་དངུལ་ཨ་སྒོར་དུང་ཕྱུར་90ལྷག་བཏང་བ་དང་ཨ་སྒོར་དུང་ཕྱུར་10ལྷག་གི་རྒྱལ་ཁོངས་ལས་བརྒལ་བའི་ཁག་ཐེག་བྱས་པ་དང་། མ་འཇོག་དང་རྒྱལ་ཁོངས་ལས་བརྒལ་བའི་ཁག་ཐེག་གཉིས་ལ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་100བརྒལ་བ་བཏང་ཟིན་ཡོད་པ་རེད། ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་2016ལོར་སིང་ཀ་ཕོར་རྒྱལ་སྤྱིའི་ཁེ་ལས་འཕེལ་རྒྱས་ཅུས་དང་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ནས"རྒྱུད་གཅིག་ལམ་གཅིག"རྣམ་གྲངས་ནང་ཞུགས་འདོད་ཡོད་པའི་སིང་ཀ་ཕོར་གྱི་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།