འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཚད་ལྡན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་9000ལྷག་ཙམ་ལོ་མཇུག་ཏུ་བསྐྲུན་ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཧུའུ་པེ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་9000ལྷག་ཙམ་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ལོ་མཇུག་གོང་ཚང་མ་འཛུགས་སྐྲུན་ཚད་ལྡན་ཡོང་བ་བྱས་ཏེ་བདག་དབང་སྤྱི་ལ་དབང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
           གྲོང་ཚོའི་འཕྲོད་བསྟེན་ཁང་9000ལྷག་ཙམ་ཁྲོད་ནས6000ལྷག་ཙམ་ནི་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་བུན་འཛིན་མ་དངུལ་སྒོར་དུང་ཕྱུར་8ཙམ་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་2000ལྷག་ཙམ་ནི་ས་གནས་ཁག་གི་སྲིད་གཞུང་གིས་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་པ་ཞིག་ཡིན་པ་རེད།
          《ཧུའུ་པེ་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འཕེལ་རྒྱས་འཆར་འགོད་(2015ནས་2020ལོ་བར)》ཀྱི་བླང་བྱ་གཞིར་བཟུང་། འཕྲོད་བསྟེན་ཁང་མེད་པའི་གྲོང་ཚོར་བླང་བྱ་ལྟར་གྲོང་ཚོའི་འཕྲོད་བསྟེན་ཁང་བསྐྲུན་ཏེ་མི་དམངས་མང་ཚོགས་ཀྱི་ནད་བསྟེན་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་ཚོར་འཕྲོད་བསྟེན་ཁང་ཡོད་ཀྱང་འཛུགས་སྐྲུན་གྱི་ཚད་གཞི་ལོན་མེད་རིགས་སྒྱུར་བཀོད་འཛུགས་སྐྲུན་བྱས་ནས་ཚང་མ་འཛུགས་སྐྲུན་གྱི་ཚད་གཞི་ལོན་པ་བྱ་རྒྱུ་ཡིན་པ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཁང་པའི་བདག་དབང་སྤྱི་ལ་དབང་བ་མིན་རིགས་བླང་བྱ་ལྟར་སྤྱི་ལ་དབང་བ་མངོན་འགྱུར་བྱ་རྒྱུ་ཡིན་པ་བཅས་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་པེ་ལྟེ་བའི་གྲོང་ཚོའི་འཕྲོད་བསྟེན་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་120ནས་180བར་ཡིན་པ་དང་སྤྱིར་བཏང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་80ནས་120བར་ཡིན་ཞིང་། ལས་སྒོ་དང་འཚོ་བའི་སྡོད་ཁང་དབྱེ་བ་ནན་པོ་ཕྱེ་སྟེ་ནད་གཞི་བརྟག་དཔྱད་ཁང་། སྨན་བཅོས་ཁང་། ལྟ་ཞིབ་ཁང་། ལུས་གསོ་ཁང་། སྨན་ལེན་ས་བཅས་ལུགས་མཐུན་ངང་དབྱེ་བ་ཕྱེ་ནས་འཕྲོད་བསྟེན་རིག་པའི་བླང་བྱ་དང་མཐུན་པ་བྱ་རྒྱུ་ཡིན་མ་ཟད། རྒྱུན་སྤྱོད་མཁོ་ཆས་29བཀོད་སྒྲིག་བྱེད་པ་དང་ཞབས་ཞུ་བྱ་ཡུལ་མི་སྟོང་ལ་ལུགས་མཐུན་གྱི་གྲོང་ཚོའི་སྨན་པ་བཀོད་སྒྲིག་བྱས་ཏེ་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་གཅིག་གྱུར་ཇུས་འགོད་དང་། གཅིག་གྱུར་མཚོན་རྟགས་བཀོད་པ། གཅིག་འགྱུར་སྒྲིག་བཀོད་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།