འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་ནེ་པ་ལས་མཉམ་འབྲེལ་ཐོག"ཀྲུང་གོའི་བོད་ཀྱི་རིག་གནས·ཀ་ཏ་མན་རྡུའི་གླེང་སྟེགས"
    ཞེས་པ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་6ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར"ཀྲུང་གོའི་བོད་ཀྱི་རིག་གནས·ཀ་ཏ་མན་རྡུའི་གླེང་སྟེགས"ཞེས་པ་གཉེར་འགོ་ཚུགས་པ་རེད།
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ནེ་པ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོ། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས། ནེ་པ་ལའི་ཨ་ཉི་ཀོ་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ད་ཐེངས་ཀྱི་གླེང་སྟེགས་གཉེར་ཡུན་ནི་ཉིན་6ཡིན་པ་རེད། ཀྲུང་གོའི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཀྱི་ཆེད་མཁས་པ་དང་མཁས་དབང་གླེང་སྟེགས་ནང་ཞུགས་ནས་ནེ་པ་ལའི་ཆེད་མཁས་པ་དང་མཁས་དབང་ཚོ་དང་མཉམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ཁག་ལ་དམིགས་ཏེ་སྤེལ་རེས་ལྷུག་པོ་གནང་བ་རེད།
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཨན་ཆི་དབྱི་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་དང་སྦྲགས་ལྟེ་གནས་དེ་བཙུགས་ཚུན་བོད་རིག་པ་ཞིབ་འཇུག་དང་བརྒྱུད་སྤེལ་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད།
         ནེ་པ་ལའི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་མཱ་ཧ་ལཱ་ཡིས་གསུང་བཤད་གནང་སྐབས། ནེ་པ་ལའི་ངོས་ནས་བརྗོད་ན། ཀྲུང་གོ་འཕེལ་རྒྱས་བྱུང་བ་ནི་གོ་སྐབས་གལ་ཆེན་ཞིག་ཡིན་ལ་བོད་འཕེལ་རྒྱས་བྱུང་བ་དེའང་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་རེད། ཡུན་རིང་མ་སོང་གོང་། ནེ་པ་ལ་དང་ཀྲུང་གོས"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་དེ་ཐོག་ནས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་ནེ་པ་ལའི་དམངས་ཚོགས་ཀྱིས་དེང་གི་བོད་ལྗོངས་ལ་རྒྱུས་མངའ་དེ་བས་ཆེ་བ་ཡོང་བ་བྱེད་པ་དང་། ཀྲུང་གོའི་དམངས་ཚོགས་ཀྱིས་ཀྱང་ཀྲུང་ནེའི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་དེ་བས་ཆེ་བ་ཡོང་བ་བྱེད་པ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ནེའི་མཛའ་གྲོགས་ཀྱི་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་འགྲོ་རྒྱུ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ནེ་པ་ལའི་ཙུང་ལི་ཟུར་པ། ནེ་པ་ལ་གུང་ཁྲན་ཏང་(མཉམ་འབྲེལ་མར་ལེ)གི་འགོ་ཁྲིད་པ་ནེ་ཕའར་ཡང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཁོང་གིས་རང་ཉིད་ཀྱིས་བོད་ལ་འཚམས་འདྲི་ཐེངས་མང་བྱས་པར་དྲན་གསོ་གནང་བ་མ་ཟད། ད་དུང་ནེ་པ་ལ་དང་ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་འཆང་ལུགས་ཀྱང་གསུངས་པ་རེད།
         གཞན་ཡང་གླེང་སྟེགས་བྱེད་སྒོ་སྤེལ་རིང་དཔེ་དེབ་སྤྲོད་པ་དང་། "དེང་གི་བོད་ལྗོངས"ཞེས་པའི་དེབ་དང་པར་རིས་འགྲེམས་སྟོན། བོད་ཀྱི་རིག་གནས་ཤེས་བྱ་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།