འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་ཆེད་མཁས་པས་ཀྲུང་ནེ་རྒྱ་བཅས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་རིག་གནས་བར་
    ཁྱམས་བསྐྲུན་རྒྱུའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྡི་ལི་གསར་པར་འཚོགས་པའི་ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་མཁས་དབང་གི་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོའི་ཆེད་མཁས་པས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་རིག་གནས་བར་ཁྱམས་བསྐྲུན་ནས་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དབར་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གསུམ་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ་རེད།
         ཧོ་པེ་དཔལ་འབྱོར་ཚོང་དོན་སློབ་ཆེན་ནེ་པ་ལའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དགེ་རྒན་ཆེན་མོ་ཀྲང་ཧྲུའུ་པིན་གྱིས་ཀྲུང་གོའི་བོད་ལྗོངས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་རྒྱ་གར་བའི་གནས་རི་དང་བླ་མཚོ་ཡིན་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ནི་ནེ་པ་ལའི་ལུམ་བིའི་ཚལ་དང་། མངོན་པར་འཚང་རྒྱ་བའི་གནས་ནི་རྒྱ་གར་གྱི་བྱང་ཆུབ་ལྗོན་ཤིང་། ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ཡུལ་ནི་ལྷུང་བ་རི་དྭགས་ནགས། སྐུ་མྱ་ངན་ལས་འདའ་ཡུལ་ནི་རྩྭ་མཆོག་གྲོང་བཅས་ནི་ནང་པའི་གནས་རྩ་ཆེན་ཤ་སྟག་ཡིན་པས་རྒྱལ་ཁབ་གསུམ་གྱིས་དཔལ་འབྱོར་རིག་གནས་བར་ཁྱམས་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་ལོ་རྒྱུས་དང་རིག་གནས་ཀྱི་རྨང་གཞི་བཏིང་ཡོད་ཅེས་བཤད།
         ཁོང་གིས་ཀྲུང་ནེ་རྒྱ་བཅས་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་དང་གཞུང་ལམ་ཕན་ཚུན་སྦྲེལ་མཐུད་བྱེད་པ་ནི་ཨེ་ཤེ་ཡ་ལྷོ་མར་དར་རྒྱས་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། ཀྲུང་ནེ་རྒྱ་བཅས་རྒྱལ་ཁབ་གསུམ་གྱིས་ལག་གདང་སྦྲེལ་བ་དང་། ཁེ་གྱོང་གང་ཡང་མེད་པའི་བསམ་བློ་དོར་བ། མཉམ་ལས་གཉིས་ཁེ་དོན་གཉེར་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་གསུམ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་གཞན་གྱི་ཐུན་མོང་གདམ་གར་འགྱུར་ངེས་རེད་ཅེས་བཤད། ཁོང་གིས་ཚོགས་ཞུགས་ཆེད་མཁས་པ་དག་ལ"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ངོ་སྤྲོད་བྱས་ནས་རིགས་གཅིག་མཁས་ཅན་གྱི་ཆེད་མཁས་པས་ཨེ་ཤེ་ཡ་ལྷོ་མའི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་འབོད་བྱས་ཡོད།
         ད་ཐེངས་ཀྱི་ཚོགས་འདུ་རྒྱ་གར་ཇུས་འདོན་ཞི་བདེ་དང་གདོང་གཏུག་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་ཀྱི་ཆེད་མཁས་པ་ཚོས་ཇི་ལྟར་ཀྲུང་ནེ་རྒྱ་བཅས་ཕྱོགས་གསུམ་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྔར་བས་ཟབ་ཏུ་གཏོང་རྒྱུའི་ཐད་བགྲོ་གླེང་བྱས་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།