འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་ཕྱོགས་ཀྱིས་དབྱིན་ཇིའི་ལོན་ཏོན་དུ་སླར་ཡང་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་
    བྱུང་བར་རྒོལ་གཏམ་དྲག་པོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་ཧྭ་ཁྲུན་དབྱིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཉེ་ཆར་དབྱིན་ཇིའི་ལོན་ཏོན་དུ་འཇབ་རྒོལ་དོན་རྐྱེན་ཐོན་པའི་སྐོར་ལ་ལན་འདེབས་སྐབས་ཀྲུང་གོའི་ཕྱོགས་ཀྱིས་དབྱིན་ཇིའི་ལོན་ཏོན་དུ་སླར་ཡང་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་པ་དང་། ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དབྱིན་ཇིའི་ཕྱོགས་ལ་འཚམས་འདྲི་ཞུས་པ་ཡིན་ཞེས་བཤད་པ་རེད།
         ཧྭ་ཁྲུན་དབྱིང་གིས་ཉེ་ཆར་དབྱིན་ཇིར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་བ་དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་དྲག་པོ་ཕོག་པ་མཚོན་ཐུབ། ཀྲུང་གོའི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པས་དབྱིན་ཇི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་རྡུང་རྡེག་བཏང་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བཤད་པ་རེད།
         ཧྭ་ཁྲུན་དབྱིང་གིས་ཀྲུང་གོའི་ཕྱོགས་ཀྱིས་དོན་མེད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་དང་རྨས་སྐྱོན་ཕོག་མཁན་དང་རྐྱེན་ལམ་དུ་ཤོར་མཁན་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། མིག་སྔའི་བར་ཀྲུང་གོའི་སྤྱི་དམངས་ལ་རྨས་སྐྱོན་ཕོག་པའི་སྙན་ཞུ་འབྱོར་མ་བྱུང་ཡང་དབྱིན་ཇིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོས་ཁེ་སྐྱོང་དྲན་སྐུལ་ཁྱབ་བསྒྲགས་བྱས་ཡོད། ཕྱི་འབྲེལ་པུའུ་དང་དེ་བཞིན་དབྱིན་ཇིར་སྡོད་པའི་གཞུང་ཚབ་ཁང་ཆེ་མོས་དོན་རྐྱེན་གྱི་འཕེལ་རིམ་ལ་མུ་མཐུད་རྗེས་སྙེག་ཞིབ་ཚགས་བྱ་རྒྱུ་དང་འབྲེལ། སླར་ཡང་དྲན་སྐུལ་བྱ་རྒྱུར་དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་དབྱིན་ཇིའི་བདེ་འཇགས་དུས་བབ་དང་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ་ལ་དོ་སྣང་ཞིབ་ཚགས་བྱས་ཏེ་དོགས་ཟོན་ཆེན་པོ་བྱེད་དགོས་ཞེས་བཤད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3ཉིན་གྱི་མཚན་མོར་དབྱིན་ཇིའི་ལོན་ཏོན་དུ་འཇབ་རྒོལ་དོན་རྐྱེན་གསུམ་བྱུང་བ་དང་དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་དེའི་ནང་གི་དོན་རྐྱེན་གཉིས་ནི"འཇིགས་སྐུལ་འཇབ་རྒོལ"ཡིན་པ་གཏན་འཁེལ་བྱས་ཡོད། ཟླ་གསུམ་པར་སྐྱེས་པ་ཞིག་གིས་རླངས་འཁོར་བཏང་སྟེ་ལོན་ཏོན་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད་པའི་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་གྱི་ཉེ་འགྲམ་དུ་མི་ཚོགས་ལ་གང་བྱུང་དུ་བརྡུངས་ནས་མི་5ཤི་བ་དང་མི་40ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།