འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་ལིན་གྱིས་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ནས་ཞིང་པའི་སེམས་ཁྲལ་བསལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བར་དངུལ་རྩའི་རྒྱབ་སྐྱོར་མཁོ་བ་ནི་ལོས་ཡིན། ཅི་ལིན་ཞིང་ཆེན་དུ་འདམ་བག་གི་དྲི་ཞིམ་འཐུལ་བའི་དངུལ་རྩའི་ཐོན་རྫས་མང་པོ་ཞིག་ཞིང་ནང་དང་མུ་ཁར་ཐོན་ཏེ་ཞིང་པའི་སེམས་ཁྲལ་རིམ་བཞིན་བསལ་ཡོད་པ་རེད།
         རྒྱལ་ཡོངས་ཀྱི་འབྲུ་ཐོན་རྫོང་ཆེན་ནུང་ཨན་རྫོང་དུ་མ་རྨོས་ལོ་ཏོག་གི་ཉོ་སྒྲུབ་རིན་གོང་དམའ་རུ་ཕྱིན་རྗེས་ཞིང་པ་མི་ཉུང་བ་ཞིག་གིས་ས་ཆ་ནང་བཤུག་བཏང་སྟེ་ཡོང་འབབ་དེ་བས་མང་བ་གསོག་ཐུབ་པའི་ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་སེམས་ཁྲལ་བྱེད་བཞིན་ཡོད་པ་དང“དྲོད་ཁང་ཆེ་མོ་ཉུང་དུ་བཏང་ནས”དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱ་རྒྱུ་ནི་དེའི་ཁྲོད་ཀྱི་རིགས་ཤིག་ཡིན་པ་རེད།
         ནུང་ཨན་རྫོང་ཏེ་ཧྲེང་པའོ་ཞིང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུན་པའོ་ཞུའེ་ཡིས་དྲོད་ལེན་སྒྲིག་ཆས་བསྒར་བའི་དྲོད་ཁང་ཞིག་ལ་ཉུང་མཐར་ཡང་སྒོར་ཁྲི་བཅུ་གྲངས་དགོས་པ་དང་། དྲོད་ལེན་སྒྲིག་ཆས་མ་བསྒར་བར་ཡང་སྒོར་ཁྲི་གསུམ་དང་ལྔ་དགོས་ཀྱི་ཡོད། ཁོང་གིས་འགན་གཙང་བླངས་པའི་སྨི་ངོས་གྲུ་5000ལྷག་ཙམ་ཟིན་པའི་དྲོད་ཁང་ཆེ་མོར་གཉེར་སྐྱོང་མ་རྩ་དམའ་པོ་མེད་ཅེས་བཤད།
        གྲོང་གསེབ་ཀྱི་དངུལ་རྩའི་ཁྱབ་ཁོངས་སུ་གཏའ་མའི་དངོས་པོ་དཀོན་པ་ནི་དཀའ་གནད་ཅིག་རེད། དངུལ་རྩའི་སྒྲིག་གཞི་གང་བྱུང་དུ་ཐོན་ཕོད་ཀྱི་མེད། ཞིང་ལས་དངུལ་ཁང་ནུང་ཨན་རྫོང་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཡུས་ཁྲོན་ཝུའེ་དང་ལས་གཉེར་པ་ཚོས་གྲོང་སྡེར་སྐྱོད་དེ་དབང་ཆ་གཏན་འཁེལ་དང་། གཏའ་མ། འགན་ལེན་དངུལ་བཅས་ཟུང་དུ་འབྲེལ་བའི་དངུལ་བུན་ཐོན་རྫས——“དྲོད་ཁང་ཆེ་མོའི་དངུལ་བུན”ཆ་ཚང་ཞིག་རིམ་བཞིན་འཚོལ་ཞིབ་ཐུབ་ཡོད། དངུལ་ཁང་དང་ཤང་དང་གྲོང་རྡལ་གྱི་གཉེར་སྐྱོང་ས་ཚིགས་ཀྱིས་མཉམ་དུ་དངུལ་བུན་གཡར་མཁན་ཞིང་དུད་ཀྱི་དྲོད་ཁང་ཆེ་མོར་རིན་ཐང་ཚོད་དཔག་དང་དབང་ཆ་གཏན་འཁེལ་བྱས་ནས་དངུལ་བུན་གཡར་མཁན་གྱིས་དངུལ་བུན་20%ཡི་འགན་ལེན་མ་དངུལ་སྤྲད་དེ་ཡིད་རྟོན་འོས་བབ་ཡག་པོ་ཡོད་ཚེ་དུས་ཐུང་ནང་དངུལ་བུན་གཏོང་གི་ཡོད་པ་རེད།
        “འགན་ལེན་མ་དངུལ་དེ་དུས་བཀག་གི་སྐྱེད་ཀ་གཞིར་བཟུང་དངུལ་ཁང་ནང་བཅོལ་བ་དང་དངུལ་བུན་གཙང་འཇལ་བྱས་རྗེས་ལེན་ཆོག་གི་ཡོད”ཅེས་སུན་པའོ་ཞུའེ་ཡིས་བཤད། ཁོང་གིས་ངས་སྒོར་ཁྲི་37གཡར་ཏེ་ས་ཆ་ནང་བཤུག་གི་རིན་གོང་དམའ་རུ་འགྲོ་བའི་གོ་སྐབས་དང་བསྟུན་ནས་སླར་ཡང་ས་ཞིང་འགན་གཙང་བླངས་ཏེ་དྲོད་ཁང་ཆེ་མོའི་གཞི་ཁྱོན་ཆེ་རུ་བཏང་བས“འདི་ལོ་ཡོང་འབབ་མང་དུ་འགྲོ་ངེས་རེད”ཅེས་བཤད།
        “དྲོད་ཁང་ནང་གི་སྔོ་ཚལ་གྱི་སྤུས་ཚད་ཡག་པོ་ཡོད་པས་ཟོག་འདྲེན་གྱིས་ཐད་ཀར་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁུལ་ཆུང་དུ་སྐྱེལ་བ་དང་བཟའ་བཅའི་བདེ་འཇགས་ལ་འགན་ལེན་ཡོད་པས་འཛད་སྤྱོད་པས་ཁས་ལེན་ཆེན་པོ་བྱེད་ཀྱི་འདུག”ཅེས་སུན་པའོ་ཞུའེ་ཡིས་བཤད། ཁོང་གིས“ད་དུང་མུ་མཐུད་དངུལ་བུན་གཡར་ཏེ་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད”ཅེས་བཤད།
        ནུང་ཨན་རྫོང་ཧ་ལ་ཧའེ་གྲོང་རྡལ་ནི་བྱང་ཤར་གྱི་སྐད་གྲགས་ལྡན་པའི“ཁ་ཚ་གསུམ”(སུར་པན་དང་། ཙོང་། སྒོག་པ་)ཐོན་ཡུལ་ཡིན་པ་དང་། འདི་ལོ་ཞིང་པ་མང་པོ་ཞིག་གིས་དྲོད་ཁང་ཆེ་མོ་བསྐྲུན་ནས“ཁ་ཚ་གསུམ”བཏབ་པ་དང་། དངུལ་བུན་གཡར་མཁན་དུད་ཚང་གསུམ་དང་དུད་ཚང་ལྔ་ཕན་ཚུན་མཉམ་འབྲེལ་བྱས་ཏེ་དངུལ་བུན་གྱི་འབོར་གྲངས་20%ལས་མི་དམའ་བའི་འགན་ལེན་དངུལ་འཇལ་ན“ཁ་ཚ་གསུམ་གྱི་དངུལ་བུན”གཡར་ཆོག་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཐུབ་ཀྱི་ཡོད།
        “ན་ནིང་ཙོང་སྒོག་སྤྱི་ཆིང་2བཏབ་པ་དེ་མ་རྨོས་ལོ་ཏོག་སྤྱི་ཆིང་6གི་ཡོང་འབབ་ལས་མཐོ་བ་འདུག”ཅེས་གྲོང་མི་ཀྲང་ཅིས་ཧའེ་ཡིས་བཤད། ཁོང་གིས་འདི་ལོ་འདེབས་འཛུགས་གཞི་ཁྱོན་ལྡབ་1ཆེ་རུ་བཏང་བ་དང“སྒོར་ཁྲི་8ཀྱི‘ཁ་ཚ་གསུམ་གྱི་དངུལ་བུན’གཡར་བ་ལས་ཡོང་འབབ་ཡག་པོ་ཞིག་ཡོང་ངེས་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།