འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་གསུམ་ལྡན་ཁྱིམ་ཚང་ཞིག་གི་མི་རབས་བཞིའི་གཏམ་རྒྱུད།

    —— བོད་ཀྱི་མི་རིགས་མང་བའི་ཁྱིམ་ཚང་གི་བདེ་སྐྱིད་འཚོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སྐར་ཁྱིམ་ལྔ་བཅུ་ང་དྲུག་ནི་མེ་ཏོག་ལྔ་བཅུ་ང་དྲུག་དང་མཚུངས། མི་རིགས་ལྔ་བཅུ་ང་དྲུག་ནི་གཅེན་གཅུང་མིང་སྲིང་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་པའི་གཞས་དེ་གཏོང་རིམ་བཞིན་མི་ཚོར་རྟག་ཏུ་སྟོབས་ཤུགས་ཤིག་དང་ལྷག་པར་དུ་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་སྦྱིན་ཐུབ། དཀའ་སྡུག་ཇི་ཙམ་མྱངས་ཀྱང་མི་རིགས་56ཚང་མ་ཁྱིམ་ཚང་གཅིག་ཡིན་པས་ཐུན་མོང་གི་སྐད་སྒྲ་ཞིག་མཚོན་པ་ནི། ང་ཀྲུང་ཧྭ་ལ་དགའ་ཞེས་པ་དེ་རེད།
         འཚོ་བ་དངོས་ནང་ཡང་ངོ་མ་དེ་ལྟར་ཡིན། བོད་ཀྱི་ལྷ་སར་མི་རིགས་མང་བའི་ཁྱིམ་ཚང་འདི་ལྟ་བུ་ཞིག་ཡོད་པ་ནི། ཁྱིམ་ཚང་གི་ཁོངས་མི་ནི་རྒྱ་རིགས་དང་། བོད་རིགས། ཧུད་རིགས་བཅས་མི་རིགས་གསུམ་རེད། མ་གཞི་སྐད་ཡིག་དང་། ཡུལ་གོམས་གཤིས་ལུགས། བཟའ་བཏུང་། ཆོས་དད་བཅས་ལ་མི་འདྲ་བའི་ཆ་ཡོད་ནའང་ཁོང་ཚོ་མཉམ་དུ་འཚོ་བ་ལོ་30ལྷག་ཙམ་སྐྱེལ་རིང་མི་རིགས་མང་བའི་ཁྱིམ་ཚང་གི་འཚོ་བ་དེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བཞིན་ཡོད་པའི་ཐོག་ནས་གཞས་ནང་གི་ཚིག“མི་རིགས་ལྔ་བཅུ་ང་དྲུག་ནི་གཅེན་གཅུང་མིང་སྲིང་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་པ་དེ་དངོས་སུ་མཚོན་པར་བྱས་ཡོད། མི་རིགས་མང་བའི་ཁྱིམ་ཚང་གི་ལོ་རྒྱུས་འབྱུང་ཁུངས་སྐོར་གླེང་ཚེ། ལོ་57གོང་རྒྱ་རིགས་གཞོན་ནུ་ཞིག་དང་བོད་རིགས་གཞོན་ནུ་མ་ཞིག་དབར་གྱི་བརྩེ་དུང་ལས་འབྲེལ་གཏམ་རྒྱུད་ནས་གླེང་འགོ་འཛུགས་དགོས།
         1958ལོར་ལོ་21ལ་སོན་པའི་པོ་ཅིན་ཆིང་དཔུང་སྡེ་དང་མཉམ་དུ་བོད་དུ་ཡོང་ཞིང་། བོད་དུ་སླེབས་ནས་ལོ་གཅིག་སོང་རྗེས་དཔུང་སྡེ་ནས་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་སུ་ལས་སྒྱུར་བྱས། དེ་ག་ནས་ཁོང་གིས་བོད་ལྗོངས་སྤྱི་སློབ་(ད་ཆ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོར་མིང་བསྒྱུར་བྱས་)ཐོན་ཏེ་གནམ་གཤིས་ཅུས་སུ་ཡིག་སྒྱུར་བྱེད་པར་ལས་བགོས་བརྒྱབ་པའི་པ་སངས་འབྲིང་བ་དང་ངོ་ཤེས། ཁོང་གིས་པ་སངས་འབྲིང་བར་བརྩེ་དུང་སླེབས་ནས་དགའ་རོགས་སྒྲིག་རྒྱུའི་རེ་བ་བྱེད་སྐབས་ཉེ་འགྲམ་དུ་ཡོད་པའི་ནང་ས་ནས་བོད་དུ་ཡོང་བའི་བློ་མཐུན་མང་པོ་ཞིག་གིས་པོ་ཅིན་ཆིང་ལ་བོད་ནས་བཟའ་ཚང་མི་འཚོལ་བར་ནང་སར་ལོག་ནས་འཚོལ་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད། འོན་ཀྱང་པོ་ཅིན་ཆིང་གིས་སེམས་ཐག་ཆོད་པོའི་སྒོ་ནས་ལས་རོགས་ཚོར་གུང་ཁྲན་ཏང་མི་ནི་གང་དུ་བསྐྱོད་ཀྱང་དེ་གར་ཁྱིམ་ཡིན་ཞེས་བརྗོད། ཁོང་གིས་མུ་མཐུད་དེ་བོད་རིགས་བུ་མོ་དེར་དགའ་པོ་བྱས་པས་མཐར་པ་སངས་འབྲིང་བ་སེམས་འགུལ་ཐེབས། ཁོ་གཉིས་ཕན་ཚུན་དགའ་པོ་བྱས་ནས་ལོ་གཅིག་སོང་རྗེས་ཀྱི་1960ལོའི་ཟླ་10ཚེས་1ཉིན་གཉེན་སྒྲིག་བྱས་པ་རེད།
         དེ་ལྟར་རྒྱ་རིགས་གཞོན་ནུ་ཞིག་དང་བོད་རིགས་གཞོན་ནུ་མ་ཞིག་དབར་བརྩེ་དུང་གི་ལས་འབྲེལ་བྱུང་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན་འགོ་ཚུགས་ཡོད། གཉེན་སྒྲིག་བྱས་རྗེས་ཀྱི་པོ་ཅིན་ཆིང་བཟའ་ཚོ་གཉིས་པོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་ལོ་བཅུ་ཕྲག་སོང་རྗེས་ཁོང་གཉིས་ལ་ཚ་བོ་ཚ་མོ་མང་པོ་བྱུང་ནས་ད་ཆ་མི་རབས་བཞི་ལྡན་གྱི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་གྱུར་ཡོད།
         བཟའ་ཚོ་གཉིས་པོས་མཉམ་དུ་བརྒྱུད་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་པོ་ཅིན་ཆིང་གིས་བཟའ་ཟླ་པ་སངས་འབྲིང་བ་དང་མཉམ་དུ་འཚོ་བ་ལོ་57སྐྱེལ་རིང་ངེད་གཉིས་དབར་ཡུལ་གོམས་གཤིས་ལུགས་དང་འཚོ་བའི་གོམས་གཤིས་སོགས་མི་འདྲ་བ་ལས་འགལ་ཟླ་ཆེན་པོ་བྱུང་མྱོང་མེད། འོན་ཀྱང་ང་གཉིས་དབར་བུ་མོ་འབྲིང་བ་པོ་ཡུང་མེའི་གཉེན་སྒྲིག་ཐད་མི་རིགས་མི་འདྲ་བའི་དབང་གིས་བསམ་འཆར་མི་མཐུན་པ་ཐེངས་གཅིག་བྱུང་བ་ཕུད། དེ་མིན་བསམ་འཆར་མི་མཐུན་པ་བྱུང་མྱོང་མེད་ཅེས་བཤད།
         སྐབས་དེར་བུ་མོ་འབྲིང་བ་པོ་ཡུང་མེ་དང་ཧུད་རིགས་གཞོན་ནུ་མ་ཝུའུ་ཏེ་དགའ་པོ་བྱས་པས་ཨ་མ་པ་སངས་འབྲིང་བས་གཉེན་སྒྲིག་དེར་མོས་མཐུན་བྱས་མེད། རྒྱུ་མཚན་ནི་མ་ཝུའུ་ཏེ་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་པར་བརྟེན་འཚོ་བའི་གོམས་གཤིས་དང་སྐད་ཡིག་བཅས་བུ་མོ་དང་མི་འདྲ་བས་བུ་མོས་མི་གོམས་པར་དོགས་ནས་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་པོ་ཅིན་ཆིང་གི་ཁ་ཏ་བསླབ་བྱ་བརྒྱུད་པ་སངས་འབྲིང་བས་མཐར་གཉེན་སྒྲིག་དེར་མོས་མཐུན་བྱས་པ་དང་། གཉེན་སྒྲིག་བྱས་རྗེས་མ་ཝུའུ་ཏེས་པོ་ཡུང་མེ་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་སེམས་ཁུར་དང་ལྟ་རྟོག་བྱས་པར་བརྟེན་གྱོས་མོ་བློ་ཕམ་དུ་བཅུག་མེད། 2008ལོའི་ཉིན་ཞིག་པ་སངས་འབྲིང་བ་ནད་ཀྱིས་མནར་ནས་དྲན་མེད་དུ་བརྒྱལ་བས་མ་ཝུའུ་ཏེ་འཕྲལ་མར་ཡོང་ནས་དྲན་མེད་དུ་རྒྱལ་བའི་གྱོས་མོ་པང་དུ་བཏབ་ནས་རླངས་འཁོར་ནང་བླུགས་ཏེ་སྨན་ཁང་དུ་བསྐྱལ་བ་མ་ཚད། ད་དུང་ཉལ་སར་ལུས་པའི་གྱོས་མོར་སེམས་ནུས་ཡོད་རྒུས་ལྟ་རྟོག་བྱས་པར་བརྟེན་མ་ཝུའུ་ཏེའི་བབ་ཆགས་པའི་བསྙེན་བསྐུར་སྲི་ཞུའི་བསམ་སྤྱོད་ལ་ཕ་མ་དང་ཁྱིམ་མི་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད།
         དཔུང་སྡེར་ཞུགས་ནས་བོད་དུ་ཡོང་བ་ནས་ད་བར་ལོ་60འགྲོ་གྲབས་ཡོད་པས་པོ་ཅིན་ཆིང་གིས“ནང་བཀྲ་ཤིས་ན་ཕྱི་ཡི་དོན་སྒྲུབ་པའི”ལྟ་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད། ཁོང་གིས“ངའི་ཁྱིམ་དུ་གྲངས་ཉུང་མི་རིགས་གསུམ་ཡོད་པ་དང་། ནང་མི་ཕན་ཚུན་བརྩི་བཀུར་ཞུ་རྒྱུ་ནི་མཉམ་དུ་འཚོ་བ་སྐྱེལ་བའི་མ་མཐའི་ཆ་རྐྱེན་ཞིག་ཡིན། ཁྱིམ་ནང་གི་གཅེན་གཅུང་མིང་སྲིང་སུ་ལ་དཀའ་ངལ་འཕྲད་ཀྱང་ཚང་མས་སེམས་ནུས་ཡོད་རྒུས་དཀའ་གནད་ལས་སྒྲོལ་རོགས་བྱེད་ཀྱི་ཡོད་ལ་དཔལ་འབྱོར་དོན་དུའང་འགལ་བ་དང་རྩོད་གཞི་གཏན་ནས་བྱུང་མྱོང་མེད”ཅེས་བརྗོད་ཅིང་། པོ་ཅིན་ཆིང་གིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་མི་རིགས་མཐུན་སྒྲིལ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ལོ་རྒྱུས་ཀྱི་དུས་སྐབས་གང་དུ་ཡིན་ནའང་མི་རིགས་མཐུན་སྒྲིལ་བྱུང་ཚེ་སྤྱི་ཚོགས་ཡར་རྒྱས་འགྲོ་མགྱོགས་པ་དང་དཔལ་འབྱོར་གོང་འཕེལ་མྱུར་པོ་འགྲོ་ཐུབ། ང་ཚོའི་རྒྱལ་ཁབ་ཀྱི་མི་རིགས་56ཚང་མ་གཅེན་གཅུང་མིང་སྲིང་56དང་མཚུངས་པས་གཅེན་གཅུང་མིང་སྲིང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་དཀའ་ངལ་གང་འཕྲད་ཀྱང་ང་ཚོས་ཁྱད་བསད་བྱེད་ཐུབ”ཅེས་བརྗོད་པ་རེད། ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
      

    ཕྱོགས་བསྡུས་གསར་འགྱུར།