འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་ཧྥུ་ཀ་ནི་སི་ཐན་གྱི་དངུལ་ཁང་ཞིག་ལ་འཇབ་རྒོལ་ཕོག་པ་དང་མི་39ལ་ཤི་རྨས་བྱུང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་ཕྱོགས་ཀྱི་ཕ་ཁི་ཐུ་ཨ་ཞིང་ཆེན་(Paktia Province)གྱི་ལྟེ་བ་ཀར་རྡེ་ཙི་(Gardeyz)ཡི་དངུལ་ཁང་ཞིག་ལ་ཐ་ལི་པན་གྱི་དྲག་ཆས་པའི་འཇབ་རྒོལ་བྱུང་བ་དང་། མ་མཐར་ཡང་མི་8བསད་པ་དང་། མི་31རྨས་སྐྱོན་བྱུང་ཡོད་པ་རེད། 
         ཕ་ཁི་ཐུ་ཨ་ཞིང་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་ཡི་འགན་འཁུར་བ་ཧིལ་མ་ཧ་མོ་རྡི་ཡིས་བཤད་པ་ལྟར་ན། འཇབ་རྒོལ་ནི་ཉིན་དེའི་ས་གནས་གྱི་ཆུ་ཚོད་14དང་སྐར་མ་50ཡས་མས་ལ་བྱུང་ཞིང་། བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན།མི་5ཡིས་ད་རེས་ཀྱི་འཇབ་རྒོལ་ལ་ཞུགས་པ་དང་། དེའི་ནང་མི་གཅིག་གིས་རང་གི་ལུས་སྟེང་གི་འབར་གས་སྤར་ནས་རང་སར་ཤི་བ་ཕུད། ལྷག་མ་དེ་དག་བདེ་སྲུང་མི་སྣ་དང་འཐབ་འཛིང་བྱེད་དུས་བསད་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་འཛིན་ཀ་ནི་ཡིས་ཉིན་དེར་སྤྱི་ཚོགས་ཀྱི་འབྲེལ་བའི་དྲ་ཚིགས"ཐོས་ཐུར"བརྒྱུད་འཇབ་རྒོལ་དོན་རྐྱེན་ལ་གཤེ་གཤེ་བཏང་བ་དང་། འཇབ་རྒོལ་དོན་རྐྱེན་འདི"ཁྲེལ་མེད"རེད་ཡོངས་བསྒྲགས་བྱས།
         ཚེས་17ཉིན། ནན་སྒར་ཧར་ཞིང་ཆེན་(Nangarhar province)གྱི་ལྟེ་བ་ཇ་ལ་ལ་པད་(jalalabad)ཀྱི་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ལས་ས་ཚིགས་ལ་ཐལ་སྤྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱི་དྲག་ཆས་པའི་འཇབ་རྒོལ་བྱུང་བ་དང་། འཇབ་རྒོལ་བ་གཏོགས་པའི་མི་གྲངས་ཁྱོན་བསྡོམས་10ཤི་བ་དང་མི་24རྨས་སྐྱོན་ཕོག་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉེ་དུས་ཀྱི་བདེ་འཇགས་ནི་སེམས་ཁྲལ་སྐྱེ་འོས་པའི་དུས་བབ་སུ་གནས་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པས་ཟླ་4ཚེས་27ཉིན་བསྒྲགས་པའི་སྙན་ཞུ་ལྟར་ན། ལོ་འདིའི་ལོ་སྟོད་ཀྱི་ཟླ་3རིང་དྲག་ཆས་གདོང་ཐུག་སྣ་ཚོགས་ཀྱིས་ཁྱོན་བསྡོམས་མི་2181ལ་ཤི་རྨས་བཏང་བ་དང་། དེའི་ནང་62%ནི་སྲིད་གཞུང་ལ་འགོག་རྒོལ་བྱེད་པའི་དྲག་ཆས་ཀྱིས་བཟོས་པ་དང་། སྔོན་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས་5འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།