འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་ངག་སྒྲོས་ལོ་རྒྱུས》ཐོག་མར་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་བོད་གསར་རྙིང་བསྡུར་བའི་དྲིལ་བསྒྲགས་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རྩོམ་སྒྲིག་བྱས་པའི《བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་ངག་སྒྲོས་ལོ་རྒྱུས་》(བོད་ཡིག་དང་རྒྱ་ཡིག་པར་གཞི་)དཔེ་དེབ་ཀྱི་པར་ཕུད་འགྲེམས་པའི་མཛད་སྒོ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་དུ་གཉེར་བ་རེད། དེབ་དེ་ནི་རང་ལྗོངས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཟུར་ཁྲིད་སློབ་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། ད་དུང་རང་ལྗོངས་སུ་ཡར་ལངས་ཞིང་བྲན་གྱི་ངག་སྒྲོས་ལོ་རྒྱུས་མེད་པའི་སྟོང་ཆའང་བསྐངས་ཡོད་པས་ཚད་ལྡན་ཡིག་ཆ་དང་དཔྱད་གཞི་ཡིག་ཆའི་རིན་ཐང་ཆེ་ཙམ་ལྡན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 《བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་ངག་སྒྲོས་ལོ་རྒྱུས་》དཔེ་དེབ་དེ་རྩོམ་འབྲི་བྱེད་པར་ལོ་ཕྱེད་ཙམ་འགོར་ཡོད། དེབ་དེས་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་ཡར་ལངས་ཞིང་བྲན་ངག་སྒྲོས་ལོ་རྒྱུས་བརྗོད་མཁན་200ལྷག་ཙམ་ནང་ནས་གཙོ་གནད་ཐོག་མི་30ཡི་ངག་སྒྲོས་འདེམས་སྒྲིག་བྱས་ཏེ་རྩོམ་སྒྲིག་བྱས་པ་དང་གོ་བདེ་ཤེས་སླའི་སྐད་ཆ་དང་། རི་མོ་དང་ཡི་གེ་མཉམ་བཀོད། ལོ་རྒྱུས་བརྒྱུད་མྱོང་བའི་མི་སྣས་བརྗོད་པ་བཅས་ཀྱི་རྣམ་པའི་ཐོག་ནས་རང་གི་མཐོང་ཐོས་མྱོང་གསུམ་དང་། དོན་རྐྱེན་གལ་ཆེན། སྤྱི་ཚོགས་གསར་རྙིང་གི་འགྱུར་ལྡོག་བཅས་ངག་ནས་བརྗོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པས་དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་པ་སླར་ཡང་མངོན་སུམ་དུ་མངོན་པ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་རྙིང་པའི་དཀའ་སྡུག་བརྗེད་མི་རུང་བ་དང་བོད་གསར་པའི་བདེ་སྐྱིད་གཅེས་འཛིན་བྱས་ཏེ་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།
         པར་ཕུད་འགྲེམས་པའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་བོད་གསར་རྙིང་བསྡུར་བའི་གཞུང་ལས་ཁང་གིས་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ལ་《བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་ངག་སྒྲོས་ལོ་རྒྱུས་》(བོད་ཡིག་དང་རྒྱ་ཡིག་པར་གཞི་)དཔེ་དེབ་500སྤྲད་པ་མ་ཟད། ད་དུང་བོད་གསར་རྙིང་བསྡུར་བའི་དཔེ་དེབ་《ཁེ་གསུམ་གྲོང་ཚོའི་འཕོ་འགྱུར་ཆེན་པོ་》ཞེས་པ་100ལྷན་དུ་སྤྲད་པ་རེད། རྗེས་མཐུད་ཀྱི་ལས་ཀའི་ནང་ལྗོངས་ཡོངས་ཀྱི་ཞིང་པའི་དཔེ་དེབ་ཁང་དང་། དགོན་སྡེའི་དཔེ་དེབ་ཁང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། དཔེ་མཛོད་ཁང་། ཡིག་ཚགས་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱི་སྒྲིག་གཞིར་《བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་ངག་སྒྲོས་ལོ་རྒྱུས་》དཔེ་དེབ་སྤྲད་ནས་གཞི་རིམ་གྱི་རིག་གནས་དཔེ་དེབ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།