འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་མཐོ་སྒང་དུ་འཚོ་ཐུབ་པའི་གཞི་རྒྱུའི་གསང་བ་གསལ་བར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་ཞིབ་འཇུག་སྡེ་ཁག་གིས་ཨ་རིའི་《རྒྱལ་ཁབ་ཚན་རིག་སློབ་གླིང་གི་དུས་དེབ་》གསར་པའི་ཐོག་ཏུ། བོད་རིགས་མཐོ་སྒང་ཁོར་ཡུག་ཏུ་འཚོ་སྡོད་ཐུབ་པའི་གཞི་རྒྱུའི་གསང་བ་མང་པོ་ཞིག་རྟོགས་པའི་སྙན་སྒྲོན་རྩོམ་རིག་སྤེལ་ཡོད་པ་རེད།
          མདོ་དབུས་མཐོ་སྒང་གི་ས་བབ་མཐོ་ཚད་ཆ་སྙོམས་ལ་སྨི་4000ལྷག་ཙམ་ཡོད་ལ། གསོ་རླུང་གི་རྒྱུ་ཚད་ནི་ཐང་ཆེན་གྱི་གསོ་རླུང་རྒྱུ་ཚད་ཀྱི་40%ཡས་མས་ཙམ་མ་གཏོགས་མེད་ཅིང་། ཕྱི་ཐིག་སྨུག་པོའི་ཆེ་ཚད་ནི་ཐང་ཆེན་ས་ཁུལ་ལས་30%ཙམ་མཐོ་བ་ཡོད་པས། ཚེ་སྲོག་འཕེལ་དཀའི་ས་ཆ་ཞེས་པར་གྲགས། བོད་རིགས་མཐོ་སྒང་དུ་འཚོ་སྡོད་ཐུབ་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་ཆེད། ཀྲུང་གོའི་ཝེན་ཀྲོའུ་སྨན་དཔྱད་སློབ་ཆེན་གྱི་ཆི་ཅཱ་དང་། ལུའི་ཧྥན། ཅིན་ཙི་པིང་བཅས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་སློབ་ཆེན་གྱི་ཡཱང་ཅཱན་སོགས་དང་མཉམ་ལས་བྱས་ཏེ་མདོ་དབུས་མཐོ་སྒང་ས་ཆའི་བོད་རིགས་ལ་ལོ་རྒྱུས་ཐོག་གཞི་རྒྱ་ཆེས་ཆེ་བའི་གཞི་རྒྱུ་རིག་པའི་ཞིབ་འཇུག་བྱས་པ་རེད།
           ཞིབ་འཇུག་མི་སྣས་བོད་རིགས་3000དང་ཐང་ཆེན་དུ་འཚོ་བའི་རྒྱ་རིགས་2000གི་གཞི་རྒྱུ་ཞིབ་བསྡུར་བྱས་རྗེས། བོད་རིགས་མཐོ་སྒང་གི་ཁོར་ཡུག་ཏུ་འཚོ་སྡོད་ཐུབ་དོན་ནི་MTHFR、RAP1A、NEK7、ADH7、FGF10、HLA-DQB1དང་HCAR2བཅས་ཀྱི་གཞི་རྒྱུ་བདུན་གྱིས་ནུས་པ་ཐོན་པ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཞིབ་འཇུག་མི་སྣས་ཤེས་རྟོགས་བྱས་པའི་གཞི་རྒྱུ་འདི་དག་གིས་མཐོ་སྒང་དུ་འཚམ་པའི་གཞི་རྒྱུ་སྒྲིག་སྲོལ་ཆ་རྒྱུས་ལེན་པར་དོན་སྙིང་གལ་ཆེན་ཡོད་ལུགས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།