འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་མཚོ་བོད་ས་མཐོར་སླར་ཡང་ཚན་རིག་རྟོག་ཞིབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་ཚན་རིག་ཁང་དང་གྲོས་དོན་བཞག་སྟེ་མཚོ་བོད་ས་མཐོར་ཚན་རིག་རྟོག་ཞིབ་བྱ་རྒྱུ་རེད། དེ་ནི་རང་རྒྱལ་གྱིས་ལོ་40རྗེས་ཀྱི་མཚོ་བོད་ས་མཐོར་གཞི་ཁྱོན་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པ་ཡིན་པ་རེད།
         ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གི་འགན་ཁུར་བས་རྒྱལ་ནང་གི་རིག་གཞུང་ཚན་ཁག་ཁྱབ་ཁོངས་ཁག་གི་ཚན་ཞིབ་མི་སྣ་སྒྲིག་འཛུགས་དང་འབྲེལ་ཉེ་འགྲམ་རྒྱལ་ཁབ་ཀྱི་ཚན་ཞིབ་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ། མཚོ་བོད་ས་མཐོའི་ཁྱབ་ཁོངས་ཡོངས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཐོག་ལོ་བཅུ་ཕྲག་མང་པོའི་མཚོ་བོད་ས་མཐོའི་ཐོན་ཁུངས་དང་སྣོད་བཅུད་དང་ཁོར་ཡུག་འགྱུར་ལྡོག་འགྲོ་ཚུལ་ཐད་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཚན་རིག་གི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          དུས་ཐེངས་དང་པོའི་ཚན་རིག་རྟོག་ཞིབ་དེ་ཟླ་6པར་བྱ་རྒྱུ་ཡིན་པ་དང་། སྐབས་དེར་འབྲི་ཆུ་དང་བོད་ཀྱི་མཚོ་ཆེ་ཤོས་སེར་གླིང་མཚོའི་ཆུ་འགོའི་ཁུལ་གྱི་ལྟེ་བར་ཡོད་པའི་སྐུ་ལྷ་དར་གདོང་ས་ཁོངས་ཤར་མའི་འཁྱག་རོམ་དང་དེ་བཞིན་འབྲེལ་ཡོད་སྣོད་བཅུད་ཁོར་ཡུག་འགྱུར་ལྡོག་ཐད་ལྟ་ཞིབ་ཚད་འཇལ་དང་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྟོག་ཞིབ་དེ་མཚོ་བོད་ས་མཐོར་རྟོག་ཞིབ་ཐེངས་དང་པོ་བྱས་པ་དང་མི་འདྲ་བར། ཚན་ཞིབ་ཐད་མི་མེད་གནམ་གྲུ་དང་། མི་མེད་གྲུ་གཟིངས། སྲུང་སྐར་སོགས་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་སྤྱད་དེ་མཚོ་བོད་ས་མཐོའི་ས་ཁོངས་ཡོངས་སུ་ཁྱབ་པ་བྱས་ནས་ཚན་ཞིབ་གྲངས་གཞི་སྔར་བས་ཁྱོན་ཡོངས་དང་ཡང་དག་པ་ཡོང་རྒྱུ་རེད།
         དུས་རབས་གོང་མའི་ལོ་རབས་70པར་རང་རྒྱལ་གྱི་ཚན་རིག་མཁས་པས་མཚོ་བོད་ས་མཐོར་གཞི་ཁྱོན་ཆེ་བའི་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱས་ཤིང་། རྟོག་ཞིབ་རྣམ་གྲངས་ནང་ས་གཤིས་དང་། སའི་གོ་ལའི་དངོས་ལུགས། ས་དབྱིབས་དང་དུས་རབས་བཞི་པ། གནའ་བོའི་སྲོག་ཆགས་སྒལ་ཚིགས་ཅན་དང་གནའ་བོའི་མིའི་རིགས་དང་སྲོག་ཆགས་རྩི་ཤིང་། ཞིང་ལས་སོགས་རིག་གཞུང་ཚན་ཁག་ལྔ་བཅུ་ལྷག་ཙམ་ཚུད་ཡོད། རྟོག་ཞིབ་ལ་ཐོབ་པའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ལས་མཚོ་བོད་ས་མཐོའི་ས་ཁུལ་དང་རིག་གཞུང་ཚན་ཁག་ཁག་གཅིག་གི་ཞིབ་འཇུག་སྟོང་ཆ་བསྐངས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།