འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་རྩོམ་པ་པོས་བརྩམས་པའི་དཔེ་དེབ་གསར་པ་ལས་ནུབ་ཕྱོགས་བས་བོད་
    ལྗོངས་དངོས་ཤེས་རྟོགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་ཧྥ་རན་སེའི་རྩོམ་པ་པོ་སོའོ་ཉི་ཡཱ·པུའུ་ལེ་སི་ལེས་ཁོང་གི་དཔེ་དེབ་གསར་པ་《བོད་ལྗོངས་ཤེས་རྟོགས་》འགྲེམས་སྤེལ་བྱེད་སྐབས། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་སྲུང་སྐྱོང་ཐད་འབད་བརྩོན་ཤུགས་ཆེན་བྱས་ཡོད་ལ། མང་ཚོགས་རྣམས་དེ་བས་ཡག་པའི་འཚོ་བ་སྐྱེལ་རྒྱུར་ཡང་རོགས་རམ་ཏན་ཏིག་བྱས་འདུག་ཅེས་བཤད།
         《བོད་ལྗོངས་ཤེས་རྟོགས་》ནི་《བོད་དུ་སྐྱོད་པ་》དང་《བོད་དུ་སྐྱོད་པའི་ཟབ་འཇུག་འགྲུལ་བཞུད་》རྗེས་ཀྱི་པུའུ་ལེ་སི་ལེའི་བོད་དང་འབྲེལ་བའི་བརྩམས་ཆོས་གསུམ་པ་དེ་ཡིན་ཞིང་། ཧྥ་རན་སེའི་ཕ་རི་སི་ཤར་ཕྱོགས་དེབ་དཔེ་སྐྲུན་ཁང་ནས་པར་འགྲེམས་བྱས་པ་དང་ཉིན་དེ་རང་དུ་ཕ་རི་སིའི་དཔེ་དེབ་ཧྲ་ལུང་དུ་ཀློག་པ་པོ་དང་ངོ་འཕྲད་ཡོད།
         2007ལོ་ནས་བཟུང་། པུའུ་ལེ་སི་ལེ་བོད་དུ་ཐེངས་གསུམ་ཡོང་བ་དང་། བྱིས་པའི་དུས་ནས་ཧི་མ་ལ་ཡའི་རི་རྒྱུད་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་པས། བོད་དུ་ཐོག་མར་བསྐྱོད་རྗེས་ཁོང་དང་ས་གཞི་དེའི་དབར་བརྩེ་དུང་ཟབ་མོ་ཆགས། དེ་རྗེས་ཁོང་བོད་དུ་སླར་ཡང་ཡོང་བ་དང་སྦྲགས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་ཟབ་འཇུག་གིས་ནུབ་ཕྱོགས་ཀྱི་ཀློག་པ་པོར་ཁོང་གིས་མཐོང་བའི་དངོས་ཡོད་དང་ཆ་ཚང་བའི་བོད་ལྗོངས་ཞིབ་ཏུ་བཤད་ཡོད།
         པུའུ་ལེ་སི་ལེས་《བོད་ལྗོངས་ཤེས་རྟོགས་》ནང་ཁོང་གིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཐད་ཀྱི་ངོས་འཛིན་དང་དེ་བཞིན་བོད་ཀྱི་ཁེ་ལས་མཁས་ཅན་དང་། མེ་འཁོར་ལས་བྱ། བོད་སྨན་ཨེམ་ཆི། ལྷ་རིས་བ། གྲྭ་བཙུན་སོགས་མང་ཚོགས་དང་བཅར་འདྲི་གླེང་མོལ་བྱས་ཚུལ་འཁོད་ནས“དཔེ་དེབ་དེ་བརྒྱུད་ཀློག་པ་པོས་བོད་དངོས་འབྲེལ་ཤེས་རྟོགས་བྱེད་འདོད་པའི་རེ་བ་དེ་སྐོང་ཐུབ་རེ་བྱས”
          ལོ་བཅུའི་རིང་གི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལས་པུའུ་ལེ་སི་ལེར་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“ཀྲུང་གོ་སྲིད་གཞུང་གིས་བོད་འཕེལ་རྒྱས་གཏོང་ཕྱིར་ནུས་ཤུགས་ཆེན་པོ་བཏོན་ཡོད་པས་བག་ཆགས་ཟབ་ཤོས་ནི་སློབ་གསོ་རེད། སློབ་མ་རྣམས་སློབ་གྲྭ་ནས་སྐད་གཉིས་སློབ་གསོ་དང་ལེན་བྱ་རྒྱུ་ཡོད་ཅིང་། མ་འོངས་པར་བསམ་ཚུལ་མང་པོ་ཡོད་པས་གྲྭ་བཙུན་དང་ཞིང་ལས་བྱེད་པའི་བསམ་པ་ཁོ་ན་ལས་མེད་པ་མ་ཡིན”ཞེས་དང“སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་དེ། རིག་གནས་ལ་མཐོང་ཆེན་བྱས་པ་ཁོ་ན་མིན་པར་མ་འོངས་པར་ཕྱོགས་པ་མཚོན་ལ། ཕྱི་ཕྱོགས་དང་སྤེལ་རེས་བྱེད་པར་ཡང་སྐུལ་འདེད་གཏོང་ཐུབ”ཅེས་བརྗོད།
         པུའུ་ལེ་སི་ལེས་ས་གནས་དེ་གའི་ཞིང་ལས་དེང་རབས་ཅན་ལ་གདེང་འཇོག་ཤུགས་ཆེན་བྱས་ཤིང་། ཁོང་གིས“ས་བབ་མཐོ་སར་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུ་ནི་ཧ་ཅང་ལས་སླ་པོ་མིན་པར། སྲིད་གཞུང་གིས་འབད་བརྩོན་ཤུགས་ཆེན་བྱས་ཡོད”ཅེས་བརྗོད།
         ཁོང་གིས་གསར་འགོད་པར། ས་གནས་དེའི་མང་ཚོགས་ཁྲོད་བཅར་འདྲི་བྱེད་པར་སྐྱོད་སྐབས། རྒན་གསོ་ཁང་གི་རྒན་རྒོན་ཞིག་དང་སྐད་ཆ་ཤོད་རེས་བྱས་པ་ལས་ཧང་སངས་བྱུང་། དེ་སྔོན་བོད་དུ་རྒན་རྒོན་མང་ཆེ་བ་སྨན་བཅོས་དང་ལྟ་རྟོག་བྱེད་མཁན་མེད་པ་མ་ཟད། ད་དུང་འཚོ་སྡོད་ཀྱི་ཆེད་གང་སར་ལྟོ་སློང་བར་འགྲོ་དགོས་ཀྱི་ཡོད། ད་ཆ་རྒན་རྒོན་ཚོ་རྒན་གསོ་ཁང་དུ་ཚེ་མཇུག་བདེ་བར་རོལ་ཆོག་ཅེས་བརྗོད།
          རྒན་རྒོན་དེས་ཁོང་ལ“རྒན་གསོ་ཁང་དུ་ང་རང་ཟས་གོས་ལ་སེམས་ཁྲལ་གང་ཡང་མི་འདུག་ལ། སྡོད་ཁང་ནང་གང་དགོས་ཆ་ཚང་བས་ང་རང་གི་དེ་སྔོན་སྡོད་ས་ལས་ཡག་པ་འདུག རྒན་གསོ་ཁང་གི་རོགས་རམ་མེད་ན་ང་རང་ད་བར་འཚོ་ཐབས་བྲལ་བ་རེད། ཡོད་ཚད་ཚང་མ་ད་ལྟའི་དུས་རབས་བཟང་པོ་འདི་ལས་བྱུང”ཞེས་བཤད། བཅར་འདྲི་གླེང་མོལ་བྱས་པ་བརྒྱུད་པུའུ་ལེ་སི་ལེས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ལ་དེ་བས་ངོས་འཛིན་ཟབ་མོ་བྱུང་ལ། “ཀྲུང་གོ་སྲིད་གཞུང་གིས་ས་གནས་དེ་གའི་མི་དམངས་ཀྱི་འཚོ་བ་ཡག་ཏུ་བཏང་བར་ཐོབ་པའི་གྲུབ་འབྲས”ཀྱང་མཐོང་ཐུབ་པ་བྱུང་ཡོད།
          ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། བྱ་ཐབས་བཟང་པོ་སྤྱད་ནས་བོད་ཀྱི་རིག་གནས་ལ་ཡང་སྲུང་སྐྱོབ་བྱས་ཡོད། པུའུ་ལེ་སི་ལེས་《བོད་ལྗོངས་ཤེས་རྟོགས་》ནང་པེ་ཅིང་དུ་གནས་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་པེ་ཅིང་སྨན་རྩིས་ཁང་སོགས་སྒྲིག་གཞི་ངོ་སྤྲོད་བྱས་ཡོད། ཁོང་གིས“ཀྲུང་གོ་སྲིད་གཞུང་གི་རོགས་སྐྱོར་མེད་ན། བོད་ཀྱི་རིག་གནས་ད་བར་རྒྱུན་སྲིང་ཐུབ་ཐབས་བྲལ་བ་རེད། སྲིད་གཞུང་གིས་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱས་ཡོད་དེ། དཔེར་ན། བོད་ཀྱི་རིག་དངོས་ལ་ཉམས་གསོ་དང་སྲུང་སྐྱོབ་བྱས་པ་ལྟ་བུ་རེད”ཅེས་བརྗོད།
         གཏན་ཚིགས་རིག་པ་དང་ངོས་འཛིན་རིག་པའི་འབུམ་རམས་པ་ཡིན་པའི་པུའུ་ལེ་སི་ལེས་མང་ཚོགས་ཁྲོད་དུ་གཏིང་ཟབ་བསྐྱོད་ནས་མང་ཚོགས་ཀྱི་འཚོ་བ་དང་ཁོང་ཚོའི་ལྟ་ཕྱོགས་ལས་གཞི་ནས་དངོས་ཡོད་ཀྱི་བོད་ལྗོངས་ཤེས་རྟོགས་ཐུབ་པའི་ངོས་འཛིན་བྱས། ཁོང་གིས། བོད་ཀྱིས་ད་བར་འཛམ་གླིང་མི་དམངས་ཀྱི་ཡིད་དབང་འགུག་བཞིན་ཡོད་མོད། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་ཡུན་རིང་ནང་བོད་ལ་ཕྱོགས་ཞེན་ཅན་གྱི་ལྟ་ཚུལ་འཛིན་གྱི་ཡོད་ཅེས་བརྗོད། ཁོང་གིས་མི་རྣམས་ལ་རང་ཉིད་ངོ་མ་བོད་ལ་ཤེས་རྟོགས་བྱེད་པར་བསྐྱོད་ནས“ས་གནས་དེའི་མི་དང་སྤེལ་རེས་བྱེད་པ་དང་དེང་རབས་ཅན་ནང་སྲོལ་རྒྱུན་གྱི་རིག་གནས་རང་སོར་གནས་པའི་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ལྟ་དགོས་པའི”སྐུལ་ལྕག་བྱས།
         པུའུ་ལེ་སི་ལེའི་བརྩམས་ཆོས་ཀྱིས་ཧྥ་རན་སེའི་ཀློག་པ་པོར་བོད་ངོ་མ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཕྱེ་ཡོད། ཀློག་པ་པོ་ཨན་ཏེ་ལེ·ཁོ་ཁོ་ཉི་ཡེས་པུའུ་ལེ་སི་ལེ་ནི་གང་ཡང་ཤེས་འདོད་ཆེ་བ་དང་བསམ་རྒྱ་ཆེ་བས་ཕྱོགས་ཞེན་ཅན་གྱི་ལྟ་ཚུལ་དང་བསམ་བློ་གཏོང་ཕྱོགས་ལ་དོགས་གཞི་སློང་ཕོད་མཁན་ཞིག་ཡིན་པས། བརྩམས་ཆོས་དེ་ཁོང་གིས་དོགས་སློང་དང་བསམ་གཞིག་བྱས་འབྲས་ཡིན་པས་ངས་བོད་ལ་རྒྱུས་མངའ་ལོན་ཐུབ་པ་བྱུང་ཞེས་བརྗོད།
         པུའུ་ལེ་སི་ལེས“ནུབ་ཕྱོགས་བས་བོད་ལ་རྒྱུས་མངའ་དངོས་ལོན་དགོས་ན་ད་དུང་ལས་ཀ་མང་པོ་སྒྲུབ་དགོས”ཞེས་དང་། ཁོང་གིས་དྲང་ཕྱོགས་ཀྱི་བོད་ཀྱི་གཏམ་རྒྱུད་དེ་བས་མང་བ་ནུབ་ཕྱོགས་ཀྱི་ཀློག་པ་པོའི་མིག་ལམ་དུ་འདོན་རྒྱུ་རེ་སྒུག་བྱེད་བཞིན་ཡོད་ལ། ནུབ་ཕྱོགས་བས་བོད་རིགས་མི་དམངས་ཀྱི་བསམ་ཚུལ་ཉན་ཏེ་རིག་གནས་ཀྱི་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་བོད་ལ་རྒྱུས་མངའ་ལོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།