འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ན་མ་རྒྱལ་སྤྱིའི་ཚོང་དོན་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་སྒོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། སྐབས་35པའི་ཕ་ན་མ་རྒྱལ་སྤྱིའི་ཚོང་དོན་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་སྒོ་འབྱེད་པའི་མཛད་སྒོ་ཚེས་22ཉིན་རྒྱལ་ས་ཕ་ན་མ་གྲོང་གི་ལེང་ཡང་ཚོགས་འགྲེམས་ལྟེ་གནས་སུ་གཉེར་ཞིང་། འགྲེམས་སྟོན་ནང་ཞུགས་མཁན་ཀྲུང་གོའི་ཁེ་ལས་100ལྷག་ཙམ་གྱིས་དངོས་མང་སྟོན་ཚོགས་བརྒྱུད་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་སྔར་བས་མང་དུ་འགྲོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།
         ཕ་ན་མར་བཅའ་སྡོད་ཀྲུང་གོའི་ཚོང་དོན་འཕེལ་རྒྱས་དོན་གཅོད་ཁྲུའི་འཐུས་མི་ཝང་ཝུའེ་ཧྭ་དང་། ཕ་ན་མའི་ཞིང་བཟོ་ཚོང་གསུམ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་ཁ་སཱ་དང་ཕ་ན་མའི་ཚོང་དོན་བཟོ་ལས་པུའི་པུའུ་ཀྲང་གཞོན་པ་ཀེ་ལི་མར་ཏོ་སོགས་དེ་ཉིན་གྱི་དར་ཚོན་འབྲེག་པའི་མཛད་སྒོར་ཕེབས་པ་རེད། ཝང་ཝུའེ་ཧྭ་ཡིས་ཤིས་ཚིག་བསྒྲོན་སྐབས་ད་ཕན་ལོ་ཤས་རིང་། ཀྲུང་ཕ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། 2016ལོར་ཀྲུང་ཕ་ཕྱོགས་གཉིས་པོའི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར་65ཟིན་ཡོད། ཀྲུང་གོ་ནི་ཕ་ན་མའི་ཚོང་དོན་རོགས་ཟླ་ཆེ་ཤོས་གཉིས་པ་ཡིན་ལ་ཕ་ན་མའང་ལ་ཏིང་མེ་གླིང་དུ་ཡོད་པའི་ཀྲུང་གོའི་ཚོང་དོན་རོགས་ཟླ་གཙོ་བོའི་གྲས་ཤིག་རེད། མིག་སྔར་ཕ་ན་མར་ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་30ལྷག་ཟིན་ཡོད་ཅེས་བཤད་པ་རེད།
          འཐུས་མི་ཝང་ཝུའེ་ཧྭ་ཡིས་ཀྲུང་གོའི་ཁེ་ལས་ཀྱིས་ལོ་20ལྷག་ཙམ་བསྟུད་མར་ས་ཁུལ་དེའི་དངོས་མང་སྟོན་ཚོགས་གལ་ཆེན་ནང་ཞུགས་ཡོད། འདི་ལོ་ལས་རིགས་མི་འདྲ་བའི་ཀྲུང་གོའི་ཀུང་སི་100ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ཡོད། ཕ་ན་མའི་དངོས་མང་སྟོན་ཚོགས་འདི་ཉིད་ཀྲུང་ཕ་ཚོང་དོན་སྤེལ་རེས་དང་ཁེ་ལས་དབར་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་ལས་སྟེགས་སུ་གྱུར་ཡོད་པས་དངོས་མང་སྟོན་ཚོགས་གཉེར་བ་བརྒྱུད་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བར་སྔར་བས་ཤུགས་སྣོན་ཐེབས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།