འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱིས་འཛད་སྤྱོད་པའི་ཁེ་དབང་
    སྲུང་སྐྱོང་གི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་ལྕག་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་28ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་ཀྱི་འཛད་སྤྱོད་པའི་སྲུང་སྐྱོང་སྒྲིག་གཞིས་ཉེ་ཆར་ཡོ་རོབ་མནའ་འབྲེལ་གྱི་འཛད་སྤྱོད་པར་སྲུང་སྐྱོང་བྱེད་པའི་གཏན་འབེབས་སྐོར་གྱི་ངོ་དེབ་དཔོད་ཕྲན་དང་། ཐུའེ་ཐེ། ཀོ་གེ་+སོགས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་འཆར་གཞི་དང་བསམ་བཀོད་ཉན་པ་དང་འབྲེལ་གྲོས་བསྡུར་ཡང་བྱས་པ་རེད།
         ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཛད་སྤྱོད་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དེ་དག་ཐོག་ཁ་བསླུས་ཆ་འཕྲིན་དང་འཛད་སྤྱོད་པ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐོན་པའི་འཁང་ར་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་པ་དང་ཐེར་འདོན་བྱེད་ཚད་ཀྱང་རྒྱུན་མི་ཆད་པར་མཐོ་རུ་འགྲོ་གི་ཡོད་པ་རེད།
         2016ལོའི་ཟླ་11པར། ཡོ་རོབ་མནའ་འབྲེལ་གྱི་འཛད་སྤྱོད་པའི་སྲུང་སྐྱོང་སྒྲིག་གཞིས་《འཛད་སྤྱོད་པའི་སྲུང་སྐྱོང་གི་མཉམ་ལས་སྲོལ་ཡིག་》གཞིར་བཟུང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གཞོགས་འདེགས་འོག་གོང་གསལ་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དེ་དག་ལ་ཆེད་ལས་ཀྱི་དཔྱད་དཔོག་བྱས་པ་དང་འབྲེལ་ཁེ་ལས་དེ་དག་ལ་ཡི་གེ་བཏང་ནས་འཛད་སྤྱོད་པས་འཁང་ར་བྱེད་པའི་འདྲ་མཉམ་མིན་པའི་དོན་ཚན་མེད་པ་བཟོ་དགོས་པ་མ་ཟད། འཛད་སྤྱོད་པར་མགོ་སྐོར་ཐེབས་སྲིད་པའི་ཁ་བསླུས་ཆ་འཕྲིན་སྤེལ་མཚམས་འཇོག་དགོས་པའི་བཀའ་བཏང་བ་རེད།
         ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་དེ་དང་འབྲེལ་བའི་ཁེ་ལས་ཀྱིས་ཟླ་བ་གཅིག་ནང་ཡོ་རོབ་མནའ་འབྲེལ་གྱི་འཛད་སྤྱོད་པའི་སྲུང་སྐྱོང་གཏན་འབེབས་ཞིབ་སྲོལ་འདོན་དགོས་པ་དང་འབྲེལ་ཡོ་རོབ་མནའ་འབྲེལ་དང་འཛད་སྤྱོད་པའི་སྲུང་སྐྱོང་སྒྲིག་གཞིའི་ཁས་ལེན་ཐོབ་པ་བྱེད་དགོས། དེ་ལྟར་མ་བྱས་ཚེ་འབྲེལ་ཡོད་ཁེ་ལས་ལ་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་སྲིད་ཅེས་བཤད་པ་རེད།
         ཡོ་རོབ་མནའ་འབྲེལ་གྱིས་2016ལོའི་ཟླ་5པར་《འཛད་སྤྱོད་པའི་སྲུང་སྐྱོང་མཉམ་ལས་སྲོལ་ཡིག་》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་འཆར་གཞི་བཏོན་ཅིང་། དེའི་ནང་ཁོངས་མིའི་རྒྱལ་ཁབ་ཁག་གི་ལྟ་འདོམས་སྡེ་ཚན་གྱིས་དུས་ཚོད་གང་རུང་ཐོག་ཁ་བསླུས་བྱེད་སྤྱོད་ཐོན་པའི་སྤྱི་ཚོགས་འབྲེལ་བའི་དྲ་ཚུགས་ལ་ཆ་འཕྲིན་སྤེལ་མཚམས་འཇོག་དགོས་པའི་བཀའ་གཏོང་ཆོག་པ་དང་ཆབས་ཅིག་ཁོངས་མི་ཐོ་འགོད་ཚོང་པ་དང་དངུལ་ཁང་ལ་ཆ་འཕྲིན་མཁོ་འདོན་བྱེད་དུ་བཅུག་སྟེ་འབྲེལ་ཡོད་ཚོང་པའི་ཐོབ་ཐང་ཞིབ་བཤེར་བྱེད་ཆོག་པ་ཚུད་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།