འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོས་ལམ་བུ་འདིའི་ཐོག་བསྐྱོད་པ་ནི་འགྲིག་པ་ཞིག་རེད”

    —— རྒྱལ་སྤྱིའི་མི་སྣས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐད་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། པེ་ཅིང་དུ་འཚོགས་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཐོག་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དེ་རྒྱལ་ཕྱིའི་སྐུ་མགྲོན་གྱིས་གླེང་མང་བའི་གྲོས་གཞིར་གྱུར་ཡོད།
          ཁེ་ལི་སི་ཐ་ལི་ན·ཀེ་ཨའོར་ཅི་ཡེ་ཝ་འདི་ལོ་འཛམ་གླིང་དངུལ་ཁང་གི་དབུ་བཞུགས་ལག་བསྟར་དཔོན་གྱི་ཐོབ་ཐང་ཐོག་ནས་གླེང་སྟེགས་ནང་ཐོག་མར་ཞུགས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བསྔགས་བརྗོད་བྱས་པ་མ་ཟད། ཁོང་གིས་རྒྱ་ཆེ་ས་ནས་བལྟས་ན་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་ཀྲུང་གོར་ཕན་པ་ཡོད་ལ་འཛམ་གླིང་དཔལ་འབྱོར་ལའང་ཕན་པ་ངེས་ཅན་ཡོད་ཅེས་བརྗོད།
         “ཀྲུང་གོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་དང་ལམ་བུ་ནི་ཡང་དག་པ་ཞིག་རེད”མཐོ་རིམ་གླེང་སྟེགས་ཐོག་གི“རྒྱུན་ཞུགས་སྐུ་མགྲོན”ཡིན་པའི་དབྱིན་ཇིའི་《དངུལ་རྩའི་དུས་རབས་ཚགས་པར་》གྱི་གཙོ་འགན་རྩོམ་སྒྲིག་པ་གཞོན་པ་དབུ་བཞུགས་དཔལ་འབྱོར་གྱི་དཔྱད་གཏམ་མཁན་མ་ཏིང·ཝོའར་ཧྥུའུ་ཡིས་དེ་ལྟར་བརྗོད་ཅིང་། ཁོང་གིས་ཀྲུང་གོས་དཔལ་འབྱོར་སྤུས་ཚད་མཐོ་རུ་གཏོང་བར་ངེས་པར་དུ་དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་དགོས། བརྒྱུད་རིམ་དེའི་ནང་ཡིད་རྟོན་དངུལ་བུན་གཏོང་མང་དྲག་རྒྱུ་ཚོད་འཛིན་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་ལ་སྤྱི་པའི་ཞབས་ཞུའི་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའང་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ཅེས་གསར་འགོད་པར་བརྗོད།
         ཝོའར་ཝོ་ཚོགས་པའི་སྤྱི་ཁྱབ་དབུ་བཞུགས་ལག་བསྟར་དཔོན་མ་ཏིང·ལུན་ཏེ་སི་ཐའེ་ཐེ་ཡིས་དེང་སྐབས་འཛམ་གླིང་ཐོག་ཀྲུང་གོས་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོའི་སྒྱུར་བཅོས་ནི་རྒྱལ་ནང་གི་དོན་དག་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་གསར་འགོད་པར་བརྗོད།
         ཨེ་ཉི·སི་ལ་ཧྲེ་ནུས་རྒྱུའི་ལས་ལ་གཞོལ་བཞིན་ཡོད་པ་དང་ཁོང་ལས་ཀ་བྱེད་སའི་Xcoalཀུང་སི་ནི་ཨ་རིའི་ལྕགས་རིགས་བཙོ་སྦྱངས་དང་རྡོ་སོལ་མཁོ་འདོན་ཚོང་པ་ཆེ་གྲས་ཀྱི་གྲས་ཤིག་ཡིན་པ་དང་ལྟེ་བའི་ལས་དོན་ནི་ཡལ་སླའི་རང་བཞིན་དམའ་བ་དང་། འབྲིང་བ། མཐོ་བ་བཅས་ཀྱི་སྲེག་སྒྱུར་མཁོ་བའི་རྡོ་སོལ་ཕྱིར་འཚོང་བྱེད་མཁན་ཞིག་ཡིན། ཀྲུང་གོས་མིག་སྔར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་ཧུར་ཐག་གཏོང་བའི་ཐད་སི་ལ་ཧྲེ་ཡིས་ལམ་བུ་དེའི་ཐོག་སྐྱོད་པ་ནི་འགྲིག་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཀྲུང་གོའི་སྒྱུར་བཅོས་ཀྱིས་ཀུང་སི་དེའི་ཀྲུང་གོར་ཡོད་པའི་ལས་སྒོར་ཤུགས་རྐྱེན་ཐེབས་མིན་སྐོར་སྐད་ཆ་དྲིས་སྐབས་སི་ལ་ཧྲེ་ཡིས་མགོ་བོ་གཡུག་གཡུག་བྱས། སྒྱུར་བཅོས་དེ་དག་གིས་ཕན་ནུས་དམའ་བའི་ངར་ལྕགས་དང་རྡོ་སོལ་ཁེ་ལས་ལ་ཤུགས་རྐྱེན་དེ་བས་མང་བ་ཐེབས་པ་ལས་དེང་རབས་ཀྱི་ལག་རྩལ་ལྡན་པའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད་ཅེས་བརྗོད།
         ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཐད་མངགས་བརྗོད་བྱེད་པ་ཕུད་སྒྱུར་བཅོས་ལྷུག་པོར་གླེང་བ་དེས་འཛམ་གླིང་གི་དཔལ་འབྱོར་ལ་གོ་སྐབས་གསར་པ་སྤྲད་དེ་ཚོགས་ཞུགས་རྒྱལ་སྤྱིའི་སྲིད་དོན་མི་སྣ་དང་ཚོང་པས་ཀྲུང་གོར་ཐབས་ཤེས་འདོན་རྒྱུ་བརྗེད་མི་སྲིད།
         དབྱིན་ཇིའི་འཐབ་ཇུས་བློ་འདྲིའི་རིགས་ཀྱི་ཀུང་སི“སི་ཐེ”ཡི་ཏུང་ཧྲི་ཀྲང་ཉི་ཀུའུ་ལ་སི·པིའར་ཙེ་ཡིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱ་རྒྱུ་དེ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གནས་བབ་གཙོ་བོའི་ཐོག་འཇོག་དགོས་ངེས་རེད། “གཞུང་ཁོངས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྲོད་དམིགས་བསལ་གྱི་གནས་བབ་བཟུང་ནས་གོ་ལ་ཧྲིལ་པོའི་གཏན་འཁེལ་མིན་པའི་རང་བཞིན་ཆེ་རུ་འགྲོ་བ་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུས་པའི་དུས་རབས་སུ་ཇི་ལྟར་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་ནུས་ཆེ་རུ་གཏོང་རྒྱུ་ནི་ཀྲུང་གོར་འཕྲད་པའི་ཚོད་བགམ་ཆེན་པོ་ཞིག་རེད”ཅེས་གསར་འགོད་པར་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།