འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མཚོ་བོད་མཐོ་སྒང་ལ་ཚན་རིག་རྟོག་ཞིབ་སླར་ཡང་བྱེད་འགོ་འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་གིས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་མཚོ་བོད་མཐོ་སྒང་ལ་ཚན་རིག་རྟོག་ཞིབ་སླར་ཡང་བྱེད་འགོ་འཛུགས་རྒྱུ་ཡིན་ཞིང་། འདི་ནི་རང་རྒྱལ་གྱིས་དུས་ཡུན་ལོ་ངོ་40ཡི་རྗེས་སུ་མཚོ་བོད་མཐོ་སྒང་ལ་གཞི་རྒྱ་ཆེ་བའི་ཕྱོགས་བསྡུས་རང་བཞིན་ལྡན་པའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་ཡིན་པ་རེད།
         ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གིས་ངོ་སྤྲོད་བྱས་པར་ལྟར་ན། རྒྱལ་ནང་གི་རིག་གཞུང་ཚན་ཁག་སོ་སོའི་ཚན་རིག་རྟོག་ཞིབ་མི་སྣ་སྒྲིག་འཛུགས་བྱ་རྒྱུ་མ་ཟད། ཉེ་འཁོར་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་མཚོ་བོད་མཐོ་སྒང་གི་ས་ཁོངས་ཡོངས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་མཚོ་བོད་མཐོ་སྒང་གི་ཐོན་ཁུངས་དང་སྐྱེ་ཁམས། ཁོར་ཡུག་བཅས་ཀྱི་འགྱུར་ལྡོག་བྱུང་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་ཡིན་པ་རེད།
         དུས་རིམ་དང་པོའི་ཚན་རིག་རྟོག་ཞིབ་ཟླ་བ་6པར་བྱ་འགོ་འཛུགས་རྒྱུ་གཏན་འཁེལ་བྱས་པ་དང་། སྐབས་དེར་འབྲི་ཆུ་དང་བོད་ལྗོངས་ཀྱི་མཚེའུ་ཆེ་ཤོས་སེར་གླིང་མཚོའི་ཆུ་མགོའི་ས་ཁུལ་ནང་གི་ལྟེ་བར་གྱུར་པའི་ཀེ་ལ་དོན་སྟོང་ས་ཁོངས་ཀྱི་འཁྱགས་རོམ་ཆེ་བ་དང་དེ་འབྲེལ་གྱི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་བྱུང་ཚུལ་ལ་ལྟ་དཔྱད་ཚད་འཇལ་དང་ཞིབ་འཇུག་བྱ་རྒྱུ་དེ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་མཚོ་བོད་མཐོ་སྒང་ལ་ཚན་རིག་རྟོག་ཞིབ་ནི་ཐེངས་དང་པོའི་རྟོག་ཞིབ་དང་མི་འདྲ་སྟེ། ཚན་རིག་རྟོག་ཞིབ་ཏུ་མི་མེད་གནམ་གྲུ་དང་། མི་མེད་གྲུ་གཟིངས། སྲུང་སྐར་སོགས་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་བེད་སྤྱོད་བྱས་ཏེ་མཚོ་བོད་མཐོ་སྒང་གི་ས་ཁོངས་ཡོངས་སུ་ཁེབས་པ་དང་། ཚན་རིག་རྟོག་ཞིབ་ཀྱི་གཞི་གྲངས་སྔར་ལས་སྒོ་ཀུན་ཁྱབ་ཅིང་གནད་དུ་འཁེལ་བ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།