འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྲུ་གུ་གཅིག་གི་བུ་བཅོལ་ཁང་།

    —— ཀན་སུའུ་བོད་རིགས་ས་ཁུལ་སོགས་སུ་བུ་བཅོལ་ཁང་ཕྱོགས་ཡོངས་ནས་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉིན་གུང་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་དཔྱིད་ཀྱི་ཁ་བ་བཞུར་འགོ་ཚུགས་ནས་རི་ཁུལ་གྱི་སྨུག་པ་དལ་གྱིས་ཡལ་འགོ་ཚུགས། ཨ་མ་ལིའུ་ཤང་གིས་རྩུབ་ལ་ཆེ་བའི་ལག་པས་ལོ་4ལ་སོན་པའི་རང་གི་ཕྲུ་གུ་ཝང་ཕུའུ་ཆི་ཁྲིད་དེ་རི་ལམ་ཀྱག་ཀྱོག་ཆུ་ཚོད་ཕྱེད་ཀ་ཙམ་བརྒྱུད་ནས་བུ་བཅོལ་ཁང་དུ་སྐྱེལ་བར་ཕྱིན།
          བུ་བཅོལ་ཁང་གི་དགེ་རྒན་ཝང་ཞའོ་ཕེས་སྔ་ས་ནས་མེ་བཏང་ནས་སྒོ་འགྲམ་དུ་བསྒུགས་ནས་བསྡད་ཡོད་པ་རེད། ཉེ་ཆར། གསར་འགོད་པ་ཀན་སུའུ་ཞིང་ཆེན་ཅིང་ཉིང་རྫོང་དུ་སྐྱོད་སྐབས་ཝང་ཞའོ་ཕེ་ནི་ཅིང་ཉིང་རྫོང་ཡུས་དབན་ཤང་ཧུའུ་ཐུང་གྲོང་ཚོའི་བུ་བཅོལ་ཁང་གི་དགེ་རྒན་གཅིག་པུ་དེ་ཡིན་པ་དང་། ཝང་ཕུའུ་ཆི་ནི་བུ་བཅོལ་ཁང་དེའི་ཕྲུ་གུ་གཅིག་པུ་དེ་ཡིན་པ་ཤེས་བྱུང་།
          སློབ་ཚན་གྲོལ་བའི་དྲིལ་བརྡ་བཏང་རྗེས། སློབ་གྲྭ་གཅིག་ནང་སློབ་ཆུང་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་གཅེན་མོ་ཝང་ཡུས་ཅོན་རྒྱུག་ཡོང་ནས་རང་གི་གཅུང་པོ་དང་མཉམ་དུ་རྩེད་འཇོར་རོལ།
          སློབ་གྲྭའི་དགེ་རྒན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཧུའུ་ཐུང་གྲོང་ཚོ་ནི་རི་ཆེན་པོ་གཉིས་ཀྱི་བར་དུ་གནས་པ་དང་། ལྟེ་བའི་ས་རྒྱུད་ཀྱི་ཉི་གཏད་ཁུལ་ནི་ཧུའུ་ཐུང་སློབ་ཆུང་རེད། 2016ལོར་སློབ་གསོ་སྡེ་ཚན་གྱིས་ཧུའུ་ཐུང་སློབ་ཆུང་དུ་སློབ་ཁང་གཅིག་བསྐྲུན་ནས་རྩེད་ཆས་དང་སློབ་ཆས་ཉོས་ཏེ་ཧུའུ་ཐུང་གྲོང་ཚོའི་ལོ་རྒྱུས་ཐོག་གི་བུ་བཅོལ་ཁང་ཨང་དང་པོ་དེ་བསྐྲུན། ཅིང་ཉིང་རྫོང་ལེ་ཏ་གྲོང་རྡལ་དུ་སྡོད་མཁན་ཝང་ཞའོ་ཕེ་ཆེད་ཚན་སློབ་ཆེན་བུ་བཅོལ་སློབ་གསོའི་ཆེད་ལས་ཐོན་རྗེས་སྐོར་སྐྱོད་སློབ་སྐྱོར་དགེ་རྒན་བྱེད་རྒྱུའི་མིང་ཐོ་བཀོད་ནས་ཧུའུ་ཐུང་གྲོང་ཚོའི་བུ་བཅོལ་ཁང་དུ་ལས་བགོས་བརྒྱབ།
          གྲོང་ཚོའི་ནང་བུ་བཅོལ་ཁང་ཡོད་པ་མ་ཟད། ད་དུང་དེ་ནི“རིན་མེད་བུ་བཅོལ་ཁང”ཞིག་ཡིན་པའི་གཏམ་བཟང་དེ་མགྱོགས་མྱུར་ངང་གང་སར་ཁྱབ། ན་ནིང་སྟོན་དུས་སུ་ཧུའུ་ཐུང་གྲོང་ཚོའི་སློབ་ལོ་ལོན་པའི་ཕྲུ་གུ་4བུ་བཅོལ་ཁང་དེའི་ནང་ཞུགས། སློབ་དུས་གཅིག་སོང་རྗེས་ཝང་ཕུའུ་ཆིས་ཞབས་བྲོ་འཁྲབ་ཤེས་པ་དང་། སྒྲུང་གཏམ་ཤོད་ཤེས་པ། ཤིང་དུམ་རྩེད་ཆས་སྒྲིག་ཤེས་པ་བཅས་བྱུང་བས་ལིའུ་ཤང་དགའ་ཚོར་ཆེན་པོ་སྐྱེས།
          འདི་ལོའི་དཔྱིད་དུས་སུ་ལིའུ་ཤང་གིས་སྔ་ས་ནས་རང་གི་ཕྲུ་གུ་བུ་བཅོལ་ཁང་དུ་བསྐྱལ། ཡིན་ནའང་། སློབ་འགོ་ཚུགས་རྗེས་བུ་བཅོལ་ཁང་དུ་ཕྲུ་གུ་ཝང་ཕུའུ་ཆི་གཅིག་པུ་ལས་མེད་པ་ཁོ་མོས་ཤེས་རྟོགས་ཐུབ། དེ་ནི་ཕྲུ་གུ་གཞན་དག་རྣམས་རང་གི་ཁྱིམ་དང་དབྱིན་ཝ་གྲོང་ཚོའི་བུ་བཅོལ་ཁང་དང་བར་ཐག་ཉེ་བས་སྐྱེལ་བསུ་སྟབས་བདེ་ཡོང་ཆེད་ཁོང་ཚོ་བུ་བཅོལ་ཁང་དེར་བསྒྱུར་བ་ཞིག་རེད།
         “ཕྲུ་གུ་གཅིག་ལས་ལྷག་མེད་པས་སུ་ཞིག་གིས་བུ་བཅོལ་ཁང་མུ་མཐུད་གཉེར་སྲིད་དམ”ཞེས་ལིའུ་ཤང་གི་ཡིད་ལ་འཁོར།
         ཝང་ཕུའུ་ཆིའི་སྤོ་བོ་དང་རྨོ་བོ་ནད་ཀྱིས་མནར་ནས་ཉལ་སར་ལུས་པས་ལྟ་རྟོག་བྱེད་དགོས་པ་དང་། ནད་གཞི་ལྟ་བར་ལོ་གཅིག་ལ་སྨན་ཡོན་སྒོར་ཁྲི་ཁ་ཤས་དགོས་པ་དང་། ཁོ་བོའི་ཕས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་རླངས་འཁོར་བཏང་ནས་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད་པས་ཁྱིམ་ལ་ལྟ་རྟོག་བྱེད་ལོང་མེད། ལིའུ་ཤང་གཅིག་པུས་ཁྱིམ་གྱི་ཤིང་འབྲས་ལྡུམ་ར་མུའུ་བཅུ་གྲངས་ཁ་ཤས་ལ་གཡོག་བྱེད་བྱེད་དགོས་སྟབས་ཁུར་པོ་ལྕི་པོ་ཡོད། གལ་ཏེ་ཕུའུ་ཐུང་གྲོང་ཚོའི་བུ་བཅོལ་ཁང་བཤིག་ཚེ་ཡང་ན་ཆུ་ཚོད་གཅིག་གི་རི་ལམ་བརྒྱུད་ནས་ཝང་ཕུའུ་ཆི་དབྱིན་ཝ་གྲོང་ཚོའི་བུ་བཅོལ་ཁང་དུ་སྐྱེལ་དགོས་པ་དང་། ཡང་ན་ཁོ་བོ་ཁྱིམ་དུ་སྡོད་རྒྱུ་ལས་མ་འདས།
         སློབ་འགོ་ཚུགས་ནས་ཉིན་ཁ་ཤས་སོང་བ་དང་། ཕྲུ་གུ་གཅིག་ལས་མེད་མོད། འོན་ཀྱང་བུ་བཅོལ་ཁང་དེ་སྔར་རྒྱུན་བཞིན་གནས་པ་ལིའུ་ཤང་གིས་ཤེས་རྟོགས་ཐུབ། ཡུས་དབན་ཤང་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་ཆུས་ཤིས་ཆང་གིས་ཁོ་མོའི་སེམས་ཁྲལ་སེལ་ཆེད། “གྲོང་ཚོའི་ནང་གི་ཕྲུ་གུ་བུ་བཅོལ་ཁང་དུ་ཞུགས་མཁན་ཡོད་ཚེ་ཕྲུ་གུ་གཅིག་ལས་མེད་ཀྱང་བུ་བཅོལ་ཁང་དེ་མུ་མཐུད་གཉེར་རྒྱུ་ཡིན”ཞེས་བརྗོད།
         ཡུས་དབན་ཤང་གི་ཤང་ཀྲང་ལེ་ལུང་གིས་ཧུའུ་ཐུང་གྲོང་ཚོ་ནི་དེ་ཁུལ་གྱི་གྲོང་ཚོ་དབུལ་པོ་ཞིག་རེད། འགྲིམ་འགྲུལ་སྟབས་བདེ་མེད་ལ་གྲོང་མི་རྣམས་གནས་སྡོད་ཁ་ཐོར་ཡིན་པ་དང་ཐོན་ལས་འཕེལ་རྒྱས་འགྲོ་འགོར་ཙམ་ཡོད་པས། དེ་ཁུལ་གྱི་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་ལས་ཟིན་གྱི་མེད། རྫོང་གིས་གྲོང་ཚོར་བུ་བཅོལ་ཁང་སྐྲུན་པའི་དམིགས་ཡུལ་ནི་གྲོང་ཚོའི་ནང་གི་ཕྲུ་གུ་ཚོ་རང་ཁྱིམ་དང་ཉེ་ཁུལ་གྱི་བུ་བཅོལ་ཁང་དུ་ཞུགས་ཐུབ་པ་དང་གྲོང་མི་ཚོའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་བཏང་སྟེ་གྲོང་ཚོ་དབུལ་པོའི་ཕྲུ་གུ་ཚོས་ཀྱང་སློབ་ཞུགས་གོང་གི་སློབ་གསོ་མྱོང་ཐུབ་པ་བྱེད་རྒྱུ་དེ་ཡིན་ཞེས་བརྗོད།
         “ཕུའུ་ཐུང་གྲོང་ཚོ་ཙམ་མ་ཟད། ད་དུང་ཅིང་ཉིང་གྲོང་ཚོའི་གྲོང་ཚོ་དབུལ་པོ་གཞན་དག་ཚང་མར་བུ་བཅོལ་ཁང་དེ་འདྲ་བ་རེ་ཡོད”ཅེས་ཅིང་ཉིང་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས་ཀན་སུའུ་ཞིང་ཆེན་གྱི་སྲིད་ཇུས་གཞིར་བཟུང་། གྲོང་གསེབ་བུ་བཅོལ་ཁང་གི་སྒོར་500ལས་མི་མཐོ་བའི་སློབ་དུས་གཅིག་གི་སློབ་གསོ་འགན་ལེན་གྱི་གྲོན་དངུལ་ཡོངས་རྫོགས་ཆག་ཡང་དང་རྩ་ཆག་བཏང་བ་དང་། གྲོང་གསེབ་ཁུལ་དུ་ཕྲུ་གུ་བུ་བཅོལ་ཁང་དུ་སྐྱེལ་བར་སློབ་དུས་གཅིག་ལ་མང་ཤོས་སུ་སྒོར་བཅུ་ཕྲག་ཁ་ཤས་ལས་སྤྲོད་དགོས་ཀྱི་མེད་ཅེས་བརྗོད།
          ཉེ་ཆར། གསར་འགོད་པ་ཀན་སུའུ་དབུས་རྒྱུད་ཀྱི་རྫོང་དབུལ་པོ་ཅིང་ཉིང་དང་། ཧུའེ་ཉིང་གི་ཤང་གྲོང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་ཉེ་ལམ་ལོ་ཤས་རིང་རང་རྟེན་གྱི་སྒོ་ནས་བུ་བཅོལ་ཁང་སྐྲུན་པ་དང་སློབ་གྲྭའི་ཉལ་ཁང་སྟོང་པ་རྒྱས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། གཞི་ཁྱོན་མི་འདྲ་རུང་ཚད་གཞི་གཅིག་མཚུངས་ཡིན་པའི་བུ་བཅོལ་ཁང་མང་པོ་ཞིག་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་ཚོ་དབུལ་པོར་ཆགས་ཡོད་པ་རེད། ཕྲུ་གུ་བུ་བཅོལ་ཁང་དུ་སྐྱེལ་རྒྱུ་ནི་དེ་ཁུལ་གྱི་ཞིང་པ་ཚོའི་ངོས་ནས་བརྗོད་ཚེ་སྔོན་ཆད་ལྟར་དཀའ་གནད་ཅིག་མིན་པར་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་པའི་དམངས་འཚོའི་བཀྲ་ཤིས་པའི་བྱ་བ་ཞིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།