འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་
    གི་ཧང་ཀྲང་ཚོགས་འདུ་ཐེངས་དང་པོ་འཇར་མན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུ་ཐེངས་དང་པོ་འཇར་མན་གྱི་གྲོང་ཁྱེར་པ་ཏེང—པ་ཏེང་དུ་འཚོགས་པ་རེད། ཀྲུང་གོའི་ནོར་སྲིད་པུའུ་ཀྲང་ཤའོ་ཅེ་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཀྲོའུ་ཞའོ་ཁྲོན་རྣམ་གཉིས་ཀྱིས་ལྷན་དུ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དེ་མིན་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་དང་དེ་བཞིན་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག“འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུའི”སྐོར་གྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་དགུ་པའི་བརྗོད་བྱ་གཙོ་བོར་དམིགས་ནས་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་དང་སྲིད་ཇུས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)ནོར་སྲིད་དངུལ་རྩའི་གྲོས་རིམ་མཐུན་སྦྱོར་དང་དོན་གཉེར་གྱི་ནོར་སྲིད་དངུལ་རྩའི་མཉམ་ལས་སོགས་ཀྱི་གྲོས་གཞིའི་ཐད་གྲོས་བསྡུར་བྱས་པ་དང་འབྲེལ་ལོ་ཧྲིལ་པོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
         ཤའོ་ཅེས་ཉེ་བའི་ལོ་ཤས་རིང་འབོ་གསེར་རྒྱལ་ཁབ་ཀྱིས་ནོར་སྲིད་དངུལ་རྩའི་ཁྱབ་ཁོངས་སུ་མཐུན་སྦྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་འབོ་གསེར་རྒྱལ་ཁབ་དང་འཛམ་གླིང་དཔལ་འབྱོར་འཕར་སྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2017ལོར་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་དངུལ་རྩའི་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་དེ་བས་མང་བའི་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱས་ཏེ་འདི་ལོའི་ཟླ་9པར་ཀྲུང་གོའི་ཤ་མོན་དུ་འཚོག་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་དགུ་པར་ནོར་སྲིད་དངུལ་རྩའི་སྲིད་ཇུས་དང་གྲུབ་འབྲས་ཐོབ་རྒྱུའི་གྲ་སྒྲིག་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
         ཤའོ་ཅེས་དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་ལ་སླར་གསོའི་རྣམ་པ་ཞིག་མངོན་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དུས་བབ་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཏེ་སྔར་བཞིན་འཛམ་གླིང་དཔལ་འབྱོར་སླར་གསོ་ཐུབ་པའི་སྐུལ་འདེད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཡིན་ནའང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་དང་གོ་ལ་ཧྲིལ་པོ་ཅན་དོར་བའི་བསམ་བློའི་རླབས་རྒྱུན་དང་ས་འབྲེལ་ཆབ་སྲིད་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་གོ་ལ་ཧྲིལ་པོ་དང་གསར་དར་དཔལ་འབྱོར་སྒྲིག་གཞིར་སྔར་བཞིན་རྙོག་འཛིང་ཆེ་བའི་དཔལ་འབྱོར་གྱི་ཁོར་ཡུག་འཕྲད་ཡོད། རྒྱལ་ཁབ་ཁག་གཅིག་ལ་རང་ངོས་ཀྱི་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་གནད་དོན་གྱི་ཤུགས་རྐྱེན་འཕྲད་པས་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེན་པོ་ཡོད། རྒྱབ་ལྗོངས་འདིའི་འོག་འབོ་གསེར་རྒྱལ་ཁབ་ཀྱིས་སྤྱི་ཁོག་དཔལ་འབྱོར་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཕར་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རང་མོས་ཉོ་ཚོང་དང་མ་འཇོག་ལ་རྒྱབ་སྐྱོར་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཤའོ་ཅེས་2017ལོར་ཀྲུང་གོས་གསར་སྤེལ་དངུལ་ཁང་གསར་པ་སོགས་ད་ཡོད་ཀྱི་མཉམ་ལས་ལམ་སྲོལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མུ་མཐུད་དགེ་མཚན་ལྡན་པའི་འཕེལ་རིམ་ཡོང་བ་བྱེད་པ་དང་ཆབས་ཅིག་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩའི་མཉམ་ལས་ལ་ཤུགས་སྣོན་དང་བུན་འཛིན་འགྲེམས་སྤེལ་ཁྱབ་ཁོངས་ཀྱི་རྩིས་གཉེར་གྱི་ཚད་གཞི་གཅིག་མཚུངས་སུ་གྱུར་པ་དང་རྩིས་བཤེར་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕན་འབྲས་དང་དེ་བཞིན་ཁྲལ་འབབ་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་དངུལ་རྩའི་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཀྲོའུ་ཞའོ་ཁྲོན་གྱིས་འབོ་གསེར་རྒྱལ་ཁབ་ཀྱིསG20ཡི་སྒྲོམ་གཞིའི་འོག་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལྷག་དོན་དུ་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་དང་། ཀུན་ཕན་དངུལ་རྩ། ལྗང་མདོག་དངུལ་རྩ་བཅས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
         འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་དངུལ་རྩའི་ཁྱབ་ཁོངས་ཀྱི་དོན་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཤ་མོན་གྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཆེད་ནོར་སྲིད་དངུལ་རྩའི་སྲིད་ཇུས་དང་གྲུབ་འབྲས་ཀྱི་གྲ་སྒྲིག་ལས་དོན་ལེགས་པར་སྒྲུབ་པ། འབོ་གསེར་རྒྱལ་ཁབ་དབར་གྱི་ཉོ་ཚོང་དང་མ་འཇོག་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཀྲོའུ་ཞའོ་ཁྲོན་གྱིས་ཕྱོགས་ཁག་གིས་དངུལ་རྩའི་སྒྲིག་གཞི་དང་དངུལ་རྩའི་ཞབས་ཞུ་དྲ་མིག་ཅན་དུ་འགྱུར་བའི་ཁྱབ་ཚུལ་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་དངུལ་ལོར་བརྗེ་རེས་དང་རྩིས་གཞིའི་དངུལ་སྒོར་བསྡོམས་རྩིས་རྒྱག་པའི་ཁྱབ་ཁོངས་མཉམ་ལས་སོགས་ཀྱི་བྱ་ཐབས་ལ་གྲོས་བསྡུར་བྱེད་ཆོག་ཅེས་གསུངས་པ་རེད།
         རྒྱལ་ཁབ་ཁག་གི་འཐུས་མིས་ཀྲུང་གོ་འདི་ཉིད་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་དངུལ་རྩའི་མཉམ་ལས་ཀྱི་འབྲེལ་ཡོད་གྲོས་འགོར་དགའ་བསུ་ཞུས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་2017ལོར་འབོ་གསེར་རྒྱལ་ཁབ་ཀྱི་ནོར་སྲིད་པུའི་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྒྱབ་སྐྱོར་ཞུས་པ་རེད། དེ་དང་ཆབས་ཅིག་འགོ་ཁྲིད་མི་སྣའི་ཤ་མོན་གྱི་ཐུག་འཕྲད་གྲུབ་འབྲས་ལྡན་པའི་ངང་གཉེར་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།