འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་གི“ངོ་མཚར་གསུམ་གྱི་དང་པོ”མེ་ཏོག་མཆོད་པ་
    ཡུན་རིང་འགྲེམས་སྟོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཤམས་ཁང་ཉེ་ཆར་ཡོངས་སུ་བསྐྲུན་ཟིན་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་ཡུན་རིང་སྒོ་དབྱེ་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་རུ་གསར་གྲོང་རྡལ་དུ་གནས་པའི་སྐུ་འབུམ་བྱམས་པ་གླིང་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པའི་འཁྲུངས་གནས་ཡིན་ལ། དེ་གའི་མེ་ཏོག་མཆོད་པ་དང་། ལྡེབས་རིས། རྩེག་དྲུབས་བཅས་གསུམ་ལ་སྐུ་འབུམ་བྱམས་པ་གླིང་གི་ངོ་མཚར་གསུམ་ཞེས་བརྗོད། མེ་ཏོག་མཆོད་པ་ནི་སངས་རྒྱས་བྱང་སེམས་ལ་མེ་ཏོག་དང་རྒྱན་ཆའི་མཆོད་པ་ཕུལ་བ་སོགས་རྗེ་ཙོང་ཁ་པའི་ཉམས་སྣང་ལྟར་བཞེངས་པ་ཞིག་རེད། སྐུ་འབུམ་བྱམས་པ་གླིང་གིས་སྤྱི་ལོ་1612ལོའི་ཟླ་དང་པོ་ནས་བཟུང་མེ་ཏོག་མཆོད་པ་བཤམས་པ་ཡིན་ལ། དེ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་བཟོ་རྩལ་གྱི་ཆུ་ཚད་མཐོ་ཤོས་རེད།
         སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཤམས་ཁང་གཙོ་བོ་ནི་ཐད་དུ་ཁང་མིག་ལྔ་དང་སྲིད་དུ་ཁང་མིག་བདུན། ཐོག་བརྩེགས་གསུམ་དང་ལྡན་པ། ཀ་བ་དང་གདུང་མ་ལ་རི་མོ་བརྐོས་པ། གསེར་དངུལ་བྱུགས་པ་བསམ་གྱིས་མི་ཁྱབ་ཅིང་ལྟ་བས་མི་ངོམས་པ་ཞིག་ཡོད།
         སྐུ་འབུམ་བྱམས་པ་གླིང་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་བཟང་དབང་ཕྱུག་གིས། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཤམས་ཁང་ནི་1988ལོར་བཞེངས་ཀྱང་ནང་གི་སྒྲིག་བཀོད་ཆ་རྐྱེན་ཅུང་ཞན་རྐྱེན་གནམ་གཤིས་དྲོ་པོ་ཆགས་སྐབས་མེ་ཏོག་མཆོད་པ་ངང་གིས་བཞུ་འགྲོ་བས་ཡུན་རིང་ཉར་ཐུབ་ཀྱི་མི་འདུག་ཅེས་ངོ་སྤྲོད་བྱས་པ་རེད།
         2013ལོར་ཀྲུང་གོ་སྲིད་གཞུང་གིས་སྒོར་ཁྲི་1200བཏང་བའི་ཁར་དགོན་པས་སྒོར་ཁྲི་1200གྲབས་གསོག་བྱས་ནས་མེ་ཏོག་མཆོད་པ་བཤམས་ཁང་ཡང་བསྐྱར་ཞིག་གསོ་བྱས་ཤིང་། གྲུབ་རྗེས་ནང་དུ་དྲོད་གྲང་བརྟན་པའི་མ་ལག་ཆ་ཚང་ཞིག་བསྒར་བས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་5ནས་8བར་རྒྱུན་འཁྱོངས་ཐུབ་ཀྱི་ཡོད།
         བློ་བཟང་དབང་ཕྱུག་གིས། སངས་རྒྱས་ཀྱི་འཁྲུངས་རབས་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་བརྗོད་བྱར་བྱས་པའི་མེ་ཏོག་མཆོད་པས་བོད་བརྒྱུད་ནང་བསྟན་གྱི་བཟོ་རྩལ་གྱི་ཁྱད་ཆོས་མཚོན་གྱི་ཡོད། མར་གྱིས་བཞེངས་པའི་སངས་རྒྱས་ལ་སོགས་ཀྱི་སྐུ་དང་འདབ་ཆགས་དང་མེ་ཏོག་སོགས་དང་དེ་བཞིན་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱིས་མི་རྣམས་དགེ་བར་དཀྲི་བཞིན་ཡོད་ཅེས་བརྗོད།
          སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་2006ལོར་རྒྱལ་ཁབ་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་བཅུག་ཅིང་། 2016ལོར་ཧྥ་རན་སེའི་ཕ་རི་སི་དང་འཇར་མན་གྱི་པེར་ལིན་སོགས་སུ་འགྲེམས་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།