འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“དཀའ་ཚེགས་ཅན་གྱི་ཡུལ”དུ་མི་ཚེའི་ངོ་མཚར་བཏོད།

    —— རང་རྒྱལ་ས་བབ་མཐོ་ཤོས་ཀྱི་ཤང་སྟེ་ཕུ་མ་བྱང་ཐང་གི་ལས་བྱེད་མང་ཚོགས་དང་དཔོན་དམག་གི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན། གནམ་སྔོན་པོ་དང་། སྤྲིན་དཀར་པོ། རྩྭ་སེར་སྐྱ། ནོར་ལུག་ཁྱུ་དང་ཁྱུ། གངས་རིའི་མུ་ཁྱུད་སོགས་ནི་ཟླ་གསུམ་པའི་ཕུ་མ་བྱང་ཐང་གི་རྣམ་པ་རེད།
         བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཕུ་མ་བྱང་ཐང་ནི་ས་བབ་སྨི་5373གྱི་སར་གནས་པ་དང་ས་ཁྱོན་སྤྱི་ལེ་ངོས་གྲུ་1200ཟིན་པས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་ཞིག་རེད། དེ་ནི་གོ་ལའི་ཐོག་འབུར་དུ་ཐོན་པའི་ཐང་ཆེན་པོ་ཞིག་དང་འདྲ་བར་མེས་རྒྱལ་གྱི་ལྷོ་ནུབ་མཚམས་སུ་བརྗིད་ཆེར་གནས།
         མཁའ་རླུང་ལ་གསོ་རླུང་འདུས་ཚད་མཚོ་ངོས་ཀྱི་40%ཡང་ཟིན་གྱི་མེད་ལ། རླུང་གི་གནོན་ཤུགས་ཀྱང་གཤོངས་སའི་ཕྱེད་ཀ་ཙམ་ལས་མེད་པའི་ཁར། ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲི་ཧྲེ་ཏུའུ་7ལ་སླེབས་པ་དང་མིའི་ཆ་སྙོམས་ཚེ་ཚད་ལོ་49.5ཟིན་པ་སོགས་ཀྱི་གྲངས་གཞི་ལས་ཕུ་མ་བྱང་ཐང་གི་གནས་སྟངས་ཅི་འདྲ་ཡིན་པ་མཚོན་ཡོད།
         ལས་བྱེད་མང་ཚོགས་1000ལྷག་དང་མཐའ་སྲུང་དཔོན་དམག་8དེ་གར་འཚོ་བ་སྐྱེལ་གྱི་ཡོད། ཁོང་ཚོས་ལྷག་བསམ་ངང་བརྟན་སྲུང་དང་། བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ། གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས་བཅངས་ནས་མཉམ་དུ་དཀའ་ཚེགས་ཅན་གྱི་ཡུལ”དུ་མི་ཚེའི་ངོ་མཚར་བཏོད་ཡོད།
         “རང་གི་གདམ་གར་གནོང་འགྱོད་ཏིལ་འབྲུ་ཙམ་ཡང་མེད”
         ཕུ་མ་བྱང་ཐང་ས་བབ་མཐོ་བས། དེར་སླེབས་མཁན་གྱིས་ཕུ་མ་བྱང་ཐང་ལ་རི་མཐོང་རྒྱུ་མེད། གང་ཡིན་ཟེར་ན། སྡོད་ས་རི་རྩེར་གནས་པས་རེད་ཅེས་དགོད་བྲོའི་ངང་བརྗོད་ཀྱི་ཡོད། སྐལ་བཟང་མཆོག་ལགས་དང་ཁྲེང་ཁོའོ་མིང“དེ་གར”ལོ་གསུམ་རིང་ལས་ཀ་བྱས་པ་དང་འཚོ་བ་བསྐྱལ་བ་རེད།
         ལོ་35སླེབས་པའི་ཁོང་གཉིས་2014ལོའི་ཟླ་བདུན་པར་སྔ་རྗེས་སུ་ཕུ་མ་བྱང་ཐང་དུ་སླེབས་པ་དང་། ད་ཆ་སྐལ་བཟང་མཆོག་ལགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁྲེང་ཁོའོ་མིང་ཕུ་མ་བྱང་ཐང་མཐའ་སྲུང་མངགས་གཏོང་ཁང་གི་སློབ་སྟོན་པ་རེད། མདོར་ན། ལས་བྱེད་པ་དང་དཔོན་དམག་ཕུ་མ་བྱང་ཐང་ལ་སྐྱོད་རིམ་བཞིན་ཐོག་མར་འཕྲད་པ་ནི་ལྷགས་པ་ཆེན་པོ་དང་བཟོད་དཀའ་བ་གྲང་ངར་རེད།
         ཕུ་མ་བྱང་ཐང་གི་ལྷགས་པ་ཆེ་ཆུང་གང་འདྲ་ཡོད་དམ་ཞེ་ན།
         “ལྷགས་པས་རྟག་ཏུ་གློག་ཤིང་བསློགས་ནས་མཚམས་རེར་ཉིན་བདུན་ཙམ་གློག་མེད་པར་གྱུར་པ་དང་། མངགས་གཏོང་ཁང་གི་ལྕགས་སྒོའང་ལྷགས་པས་སྒྱེལ་གྱི་ཡོད”ཅེས་ཁྲེང་ཁོའོ་མིང་གིས་བཤད།
        “ལྷགས་པ་ཆེན་པོ་བརྒྱབ་ཚེ། ཕལ་ཆེ་བ་གཟུགས་པོ་འཁྱོག་ནས་ཀྲོང་ངེར་སྡོད་ཐུབ་ཀྱི་མེད”ཅེས་ལོ་32ལ་སླེབས་པའི་ཕུ་མ་བྱང་ཐང་ཤང་མཐའ་སྲུང་མངགས་གཏོང་ཁང་གི་སུའོ་ཀྲང་བསོད་ནམས་དར་རྒྱས་ཀྱིས་བཤད།
        ཕུ་མ་བྱང་ཐང་གི་གནམ་གཤིས་གྲང་ངར་ཇི་ལྟར་ཆེ་བ་ཞེ་ན།
        འཁྲུད་འཁོར་གྱིས་གོས་མ་བཀྲུས་གོང་སྔོན་ལ་ཆུ་ཚ་པོས་ཆུ་ཚོད་ཕྱེད་ཀ་ཙམ་དྲོད་གཏོང་དགོས་ཀྱི་ཡོད། དགོང་མོར་འཐབ་འཛིང་པ་རྣམས་མལ་ཆས་བཞི་ལྔ་བརྩེགས་ནས་ཉལ་ན་མ་གཏོགས་གཉིད་ཁུག་གི་མེད། དབྱར་གཞུང་དུའང་མཚན་མོར་ཉལ་ཆས་གཉིས་ཙམ་གྱོན་ཚེ་གཞི་ནས་དྲོད་སྐྱེ་ཡི་ཡོད།
         ད་དུང་དངངས་སྐྲག་ཆེ་ཤོས་ནི་ཕུ་མ་བྱང་ཐང་དུ་གསོ་རླུང་དཀོན་པ་དེ་རེད།
         “ཁང་པའི་ནང་མེ་བཏང་ཚེ་མ་གཞི་ནས་དཀོན་པའི་གསོ་རླུང་ཉུང་དུ་འགྲོ་བར་བརྟེན་ཉལ་དུས་མལ་ཆས་མང་ཙམ་གྱོན་པ་ལས་མེ་གཏོང་གི་མེད”ཅེས་མཐའ་སྲུང་མཐའ་འཛིང་པ་ཀྲུའུ་ཤིན་གྱིས་བཤད་ཅིང་། ཁོ་པས་སྐབས་རེ་ཅི་ཡང་མ་སྒུལ་བར་བསྡད་ཚེ། གཞན་གྱིས་མགྲིན་པ་བཙིར་བ་བཞིན་དབུགས་འཚངས་ནས་གཏོང་ཁག་པོ་ཆགས་ཀྱི་འདུག་ཅེས་བཤད།
         དེ་འདྲ་ཡིན་མོད། འོན་ཀྱང་ལོ་23ལ་སླེབས་པའི་ཕུར་བུ་དོན་གྲུབ་2016ལོར་ཅི་ལིང་སློབ་ཆེན་རྩིས་པའི་སྡེ་ཁག་ནས་ཐོན་རྗེས་རང་འགུལ་ངང་ཕུ་མ་བྱང་ཐང་དུ་ལས་ཀ་བྱེད་པར་འགྲོ་རྒྱུའི་ཡིག་ཚད་བཏང་ནས་ད་ཆ་ཤང་སྲིད་གཞུང་གི་རྩིས་པ་ཞིག་རེད།
         མི་མང་པོ་ཞིག་གིས“སློབ་གྲྭ་དང་ཆེད་ལས་ཡག་པོ་ནས་ཐོན་པའི་ཁྱེད་གང་དུ་ཕྱིན་ཀྱང་ལས་ཀ་མི་རག་པའི་སེམས་ཁྲལ་མེད་པས་ཡིན་གཅིག་ས་ཆ་འདིར་སྡུག་མྱོང་བར་ཡོང་དོན་ཅི་ཡིན”ཞེས་བསམ་ཤེས་མི་ཐུབ་པའི་ངང་བརྗོད་ཀྱི་ཡོད།
         “ཕུ་མ་བྱང་ཐང་དུ་ཡོང་བ་ནི་མི་མང་པོ་ཞིག་གིས་རང་སྡུག་རང་གིས་བཙལ་བ་དང་ཐ་ན‘ཀྱོག་ལམ’དུ་བསྐྱོད་པའི་ངོས་འཛིན་བྱེད་མོད། འོན་ཀྱང་གཞོན་ནུ་ཞིག་གི་ངོས་ནས་དཀའ་སྡུག་མང་ཙམ་མྱོང་བ་དང་སྦྱོང་བརྡར་མི་ཉུང་བ་བྱེད་དགོས་ངེས་རེད། ངའི་གདམ་གར་གནོང་འགྱོད་ཏིལ་འབྲུ་ཙམ་ཡང་སྐྱེ་ཡི་མི་འདུག”ཅེས་ཕུར་བུ་དོན་གྲུབ་ཀྱིས་བཤད།
         “འདི་གའི་མི་རྣམས་མེས་རྒྱལ་གྱི་གནས་རྟགས་ལྟ་བུ་རེད”
         འཚོ་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཕུ་མ་བྱང་ཐང་གི་མིའི་ཆ་སྙོམས་ཚེ་ཚད་རིང་དུ་སོང་ནའང་། ལོ་ན་60བརྒལ་ནས་རྒན་གསོའི་ཁ་གསབ་རག་པའི་ལོ་ཚད་དུ་སྔར་བཞིན་སླེབས་ཀྱི་མེད་པས། རྒན་གསོའི་ཁ་གསབ་ནི་འདི་གའི་མི་སེར་ལ་མཚོན་ན་དུས་ཡུན་རིང་པོར“རེ་བ་འབྲས་མེད”དུ་གྱུར་ཡོད།
         གནས་སྟངས་དེ་བསྒྱུར་ཆེད་སྐལ་བཟང་མཆོག་ལགས་དང་ལས་བྱེད་པ་རྣམས་ཀྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་ལ་རྒན་གསོའི་འགན་བཅོལ་གྱི་དོན་དག་སྙན་སེང་ཞུས།
         ན་ནིང་གི་ལོ་མཇུག་ཏུ་གོང་རིམ་སྡེ་ཚན་གྱིས་ཕུ་མ་བྱང་ཐང་དུ་རྒན་གསོའི་འགན་བཅོལ་རག་པའི་མིའི་ལོ་ཚད་ལོ་50བར་དམའ་རུ་གཏོང་རྒྱུར་མོས་མཐུན་བྱས།
         ཤང་ཡོངས་སུ་དྲོད་སྲུང་ལྷས་ར་37དང་། གཟན་མཛོད་7 ཕྱུགས་འཚོའི་ས་ཚིགས་ཁང་34བཅས་གསར་དུ་བསྐྲུན་པ་མ་ཟད། དགུན་སྒྲོལ་གཟན་རྩྭ་བགོ་བ་དང་། འགལ་བ་དང་རྩོད་གཞི་བར་འདུམ། མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་བ་སོགས་བྱས་ནས་ལོ་3ཙམ་གྱི་རིང་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་མཐུན་རྐྱེན་ལེགས་སུ་བཏང་ཞིང་། སྐལ་བཟང་མཆོག་ལགས་ཀྱིས་ཤང་ཡོངས་ཀྱི་ལས་བྱེད་པའི་སྣེ་ཁྲིད་ནས་འཁོར་ཞག་ཐེངས་གཅིག་ཀྱང་སྡོད་མྱོང་མེད།
         ཁོང་གི་གཟུགས་པོ་ཇེ་རིད་དུ་སོང་བ་དང་སྐྲ་ཇེ་སྲབ་ཏུ་གྱུར་ཁར་གྲུམ་བུའི་ནད་ཇེ་སྡུག་ཏུ་སོང་བ་དང་། དྲན་ཤེས་ཀྱང་རིམ་བཞིན་བརྟན་པོ་མེད་པར་གྱུར། གཏན་འབེབས་ལྟར་ན་ཁོང་གིས་ས་བབ་དམའ་ཙམ་གྱི་ཤང་གྲོང་ངམ་རྫོང་གི་ལས་ཁུངས་སུ་ལས་ཀ་བྱ་ཆོག་ནའང་། ཁོང་གིས“ཕུ་མ་བྱང་ཐང་ནི་ངའི་ཕ་ཡུལ་རེད། ད་དུང་འབྲོག་པ་མི་སེར་ལ་བསྒྲུབ་རྒྱུའི་དོན་དག་འགའ་ལུས་ཡོད”ཅེས་བརྗོད།
         སྣ་དཀར་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་ནོར་བུས“ས་བབ་མཐོ་བ་གནས་འདིར་གཟུགས་པོ་ཐང་པོ་མེད་པའི་ལས་བྱེད་པ་གཏན་ནས་འཕྲོད་མི་ཐུབ་པ་དང་། ཏང་གཤིས་ཞན་པའི་ལས་བྱེད་པ་རྩ་བ་ནས་སྡོད་མི་ཐུབ་ཀྱང་། ཕུ་མ་བྱང་ཐང་གི་ལས་བྱེད་པས་ས་བབ་མཐོ་བར་བརྟེན་ནས་ཚད་གཞི་དམའ་རུ་བཏང་མེད”ཅེས་བཤད།
         ཕུ་མ་བྱང་ཐང་ཤང་མཐའ་སྲུང་མངགས་གཏོང་ཁང་གི་རྒྱལ་རྟགས་བརྗིད་རྔམ་ལྡན། 2012ལོར་མཐའ་སྲུང་མངགས་གཏོང་ཁང་བཙུགས་ནས་ད་བར་གངས་འཁྱག་བརྒལ་ནས་མཐའ་མཚམས་ལ་སྐོར་ཞིབ་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱ་རྒྱུ་ནི་མཐའ་སྲུང་དཔོན་དམག་གི་ལས་འགན་གཙོ་བོར་གྱུར། ཕུ་མ་བྱང་ཐང་འབྲུག་ཡུལ་དང་འདབས་འབྲེལ་ཡིན་ལ། མཐའ་མཚམས་ལ་སྤྱི་ལེ་25ཟིན་ཡོད།
         “འདི་གའི་རྒྱུན་སྡོད་ས་བབ་སྨི་5373ཡིན་པ་དང་ས་བབ་སྨི་6300ཟིན་པའི་གངས་ཕུག་འཁྱག་རོམ་ལ་སྐོར་གཡེང་བྱེད་དགོས་པས་ཇོ་མོ་གླང་མའི་སྒར་སར་བསྐྱོད་པ་དང་འདྲ”ཞེས་ཁྲེན་ཁོའོ་མིང་གིས་བཤད།
         ད་ལོའི་ལོ་སྟོད་དུ་རྩ་འཛུགས་ཀྱིས་ཀའོ་ཅན་ཞུའེ་ཕུ་མ་བྱང་ཐང་ནས་ལས་གནས་འཕོ་དགོས་པའི་བཀའ་ཕབ།
         ལོ་27སླེབས་པའི་ཧ་ཉི་རིགས་ཀྱི་འཐབ་འཛིང་བ་ཀའོ་ཅན་ཞུའེ་2011ལོར་ཕུ་མ་བྱང་ཐང་དུ་སླེབས་པ་ནས་བཟུང་སེམས་ཤུགས་ལ་བརྟེན་ནས་ས་བབ་མཐོ་བའི་དྲོད་ཁང་དུ་སྔོ་ཚལ་འདེབས་པའི་ཟིན་ཐོ་བཀོད་པ་མ་ཟད། མངགས་གཏོང་ཁང་གི་གཙང་སྦྲ་བ་དང་། འཕྲིན་གཏོང་བ། གསོ་རླུང་བཟོ་མཁན་བཅས་ཀྱི་འགན་ཚང་མ་ཁུར་བ་རེད།
         འཐབ་གྲོགས་ཁག་གཅིག་དམག་དཔུང་ནས་ཐོན་ཏེ་ལས་སྒྱུར་བྱས་པ་དང་། ཁ་ཤས་ཀྱི་ལས་གནས་འཕོས་ནའང་། ཀའོ་ཅན་ཞུའེ་ཡིས་ཐེངས་གཉིས་རེ་འདུན་ཞུས་ནས་དེ་གར་བསྡད་པ་རེད།
         “སྤྱིར་ཕུ་མ་བྱང་ཐང་གི་ས་བབ་མཐོ་ལ་ཆ་རྐྱེན་ཞན་ནའང་། གནས་འདི་ནི་རང་རེའི་རྒྱལ་ཁབ་ཀྱི་ས་ཆ་ཡིན་པ་དང་། འདི་གའི་མི་རྣམས་མེས་རྒྱལ་གྱི་གནས་རྟགས་ལྟ་བུ་རེད། འདིར་དམག་མིའི་རིན་ཐང་སྔར་བས་ཚོར་ཐུབ་ལ་ལྷག་བསམ་ཟོལ་མེད་ཅེས་པར་ཡང་གོ་བ་ཟབ་མོ་ལེན་ཐུབ”ཅེས་ཀའོ་ཅན་ཞུའེ་ཡིས་བརྗོད། གོང་གི་པར་རིས་ནི་ཕུ་མ་བྱང་ཐང་ཤང་མཐའ་སྲུང་མངགས་གཏོང་སུའོ་ཡི་དཔོན་དམག་ཚོས་ས་བབ་མཐོ་ཚད་སྨི་6300ཟིན་པའི་གངས་ཕུག་འཁྱག་རོམ་ཁུལ་དུ་སྐོར་ཞིབ་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།