འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་དུས་ཡུན་རིང་འབྲིང་གི་འབྲུ་
    རིགས་བདེ་འཇགས་ཐད་ཉེན་བརྡ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རང་བྱུང་ཐོན་ཁུངས་ཉུང་དུ་འགྲོ་བ་དང་། འདྲ་མཉམ་མིན་པར་འགྲོ་ཚད་ཆེ་རུ་འགྲོ་བ། གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་སོགས་ཀྱི་འགྲན་སློང་མང་པོར་ཟམ་མི་ཆད་པར་ཐག་གཅོད་བྱེད་དགོས། དེ་ལྟར་མ་བྱས་ན་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་སྲིད་ཅེས་འཁོད་ཡོད།
         འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་《འབྲུ་རིགས་དང་ཞིང་ལས་ཀྱི་སླད་ཕྱིན་གྱི་འཕེལ་ཕྱོགས་དང་འགྲན་སློང་》ཞེས་པ་འགོ་བརྗོད་དུ་འཁོད་པའི་སྙན་ཞུའི་ནང་། ཁོངས་མིའི་རྒྱལ་ཁབ་ཀྱིས་འདས་པའི་ལོ་30རིང་གོ་ལ་ཧྲིལ་པོའི་བཀྲེས་ལྟོགས་སེལ་བའི་ཐད་དངོས་དངོས་རྗེན་རྗེན་དང་མིག་ལྡན་ཀུན་གྱིས་མཐོང་བའི་གྲུབ་འབྲས་བླངས་ནའང་། ས་ཁུལ་མང་པོའི་འབྲུ་རིགས་ཐོན་འཕར་དང་དཔལ་འབྱོར་འཕེལ་བ་དེ་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་རིན་དོད་ཆེན་པོར་བརྟེན་ཡོད། སྔོ་ལྗང་གོ་ལར་ཁྱབ་པའི་ནགས་ཚལ་ཕྱེད་ཙམ་མེད་པར་གྱུར་པ་དང་། ས་འོག་གི་ཆུ་རྩྭ་ཡང་མགྱོགས་མྱུར་སྐམ་བཞིན་ཡོད་པས་སྐྱེ་དངོས་སྣ་མང་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་ཅེས་འཁོད་ཡོད་པ་རེད།
         འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་རུའོ་ཙེ·ཀེ་ལ་ཆི་ཡ་ནུའོ·ཏ་ཤིས་འར་ཝས“ད་དུང་མུ་མཐུད་འདི་འདྲ་གནས་ཚེ། སའི་གོ་ལའི་ཐེག་ནུས་ལས་བརྒལ་རྒྱུ་རེད”ཅེས་བཤད།
         སྙན་ཞུའི་ནང་། 2050ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་བརྒྱ་ཙམ་ལ་འཕར་ཡང་སྲིད། དཔལ་འབྱོར་བརྟན་པོ་འཕར་བའི་གནས་སྟངས་འོག་མི་འབོར་འཕེལ་ཕྱོགས་དེས་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་50%འཕར་རྒྱུ་རེད། དེ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་བཟའ་བཏུང་གྲུབ་ཆའི་འགྱུར་ལྡོག་དང་བསྟུན་ནས་མི་སྔར་བས་མང་བས་འབྲུ་རིགས་ལོངས་སྤྱོད་བྱེད་ཚད་ཇེ་ཉུང་དང་ཤ་དང་། ཤིང་འབྲས། སྔོ་ཚལ། ལས་སྣོན་བཟའ་བཅའ་ལོངས་སྤྱོད་བྱེད་ཚད་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་། དེས་དཀའ་ངལ་མང་པོ་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་ལ་ནགས་ཚལ་གཅོད་པ་དང་། ས་ཞིང་ཇེ་ཞན། དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་བཅས་ཚུད་ཡོད་ཅེས་འཁོད་ཡོད།
         སྙན་ཞུའི་ནང་། འཛམ་གླིང་གི་ཞིང་ལས་དང་འབྲུ་རིགས་ཁོངས་གཏོགས་ཀྱི་མ་འཇོག་དང་སྒྱུར་བཅོས་ལ་སྐུལ་འདེད་མ་བཏང་ཚེ། 2030ལོར་སླེབས་སྐབས་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ནང་གཏན་ལ་ཁེལ་བའི་ཡུན་རིང་གི་འབྲུ་རིགས་བདེ་འཇགས་མིན་པ་དང་འཚོ་བཅུད་མི་ལེགས་པའི་གནས་སྟངས་བསྒྱུར་མ་ཐུབ་པར་སྔར་བཞིན་མི་མང་པོ་བཀྲེས་ལྟོགས་ཀྱི་གནས་སུ་གྱར་རྒྱུ་རེད། དབུལ་སྐྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཧུར་ཐག་མ་བཏང་བ་དང་འདྲ་མཉམ་མིན་པར་འགྲོ་ཚད་ཆུང་དུ་གཏོང་བ་དང་གཉོད་ཆུང་རིགས་ལ་སྲུང་སྐྱོང་མ་བྱས་ཚེ། 2030ལོར་སླེབས་སྐབས་སྔར་བཞིན་མི་དུང་ཕྱུར་6ལྷག་གི་ལྟོ་བ་འགྲང་མི་ཐུབ། དོན་དངོས་ཐོག་ད་ཆའི་འཕེལ་རིམ་ལ་བལྟས་ན། ཐ་ན་2050ལོར་སླེབས་སྐབས་ཀྱང་བཀྲེས་ལྟོགས་སེལ་དཀའ་ཞེས་བརྗོད་ཡོད།
         ད་དུང་སྙན་ཞུའི་ནང་། གོ་ལ་ཧྲིལ་པོའི་འབྲུ་རིགས་གཙོ་བོའི་ཐོན་ཚད་འཕར་སྟངས་བརྟན་པོ་ཡོད། བསྡོམས་རྩིས་ལྟར་ན། དུས་རབས་20པའི་ལོ་རབས་90པ་ནས་བཟུང་གོ་ལ་ཧྲིལ་པོའི་མ་རྨོས་ལོ་ཏོག་དང་། འབྲས། གྲོ་བཅས་ཀྱི་ཐོན་ཚད་ཀྱི་ལོའི་ཆ་སྙོམས་འཕར་ཚད་སྤྱིར་ན་1%ལས་མཐོ་ཙམ་ཡིན་ཞེས་འཁོད།
         སྙན་ཞུའི་ནང་། འགྲན་སློང་མང་པོར་ཁ་གཏད་གཅོག་ཆེད་ཞིང་ལས་ཁོངས་གཏོགས་དང་། གྲོང་གསེབ་ཀྱི་དཔལ་འབྱོར། རང་བྱུང་ཐོན་ཁུངས་དོ་དམ་བཅས་ཀྱི་ཐད་ཕྱོགས་འགྱུར་སྒྱུར་བཅོས་ཆེན་པོ་བྱེད་དགོས་པ་དང་། གནད་དོན་གཙོ་བོ་ནི་མ་དངུལ་ཉུང་དུ་བཏང་ནས་ཐོན་ཚད་ཆེ་རུ་ཇི་ལྟར་གཏོང་རྒྱུ་དེ་ཡིན་པ་དང་ཆབས་ཅིག་ཞིང་དུད་ཆུང་ངུའི་འཚོ་གནས་ཀྱི་གནས་སྟངས་ལ་སྲུང་སྐྱོབ་དང་ལེགས་གཏོང་གིས་གཉོད་ཆུང་ཚོགས་སྤྱིར་འབྲུ་རིགས་ཐོབ་པར་ཇི་ལྟར་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།