འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་
    རིམ་ཁྲོད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཉོ་ཚོང་གནད་དོན་གྱི་རིགས་གཅིག་མཁས་ཅན་ཅེ་ཧྥུ་ལི·ཤའོ་ཐེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཨ་རི་འདི་ཉིད་ཞི་བདེ་རྒྱ་མཚོ་ཆེ་མོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད(TPP)ནས་ཕྱིར་འཐེན་བྱས་ནའང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་གཙོ་བོས་ས་ཁུལ་དེ་གའི་དཔལ་འབྱོར་གཞི་གཅིག་ཅན་དང་ཚོང་དོན་རང་མོས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྔར་བཞིན“སྤྲོ་སྣང་ཆེན་པོ”ཡོད་པས་འཕེལ་རིམ་དེའི་ཁྲོད་ཀྲུང་གོས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བཤད་པ་རེད།
         ཤའོ་ཐེ་ད་ལྟ་ཨ་རིའི་ཇུས་འདོན་ཚོགས་པ་པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཡིན་པ་དང་། གཙོ་བོ་རྒྱལ་སྤྱིའི་ཚོང་དོན་སྲིད་ཇུས་དང་དཔལ་འབྱོར་བཀག་སྡོམ་ལ་ཞིབ་འཇུག་བྱེད་ཀྱི་ཡོད།
         ཤའོ་ཐེས་ཚེས་15ཉིན་ཆི་ལིའི་པི་ཉི་ཡ་ཏེར་མཱ་རུ་མཇུག་འགྲིལ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་རིམ་པ་མཐོ་བའི་གྲོས་མོལ་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱིས་ས་ཁུལ་དེ་གའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད“སྤྲོ་སྣང་ཆེན་པོ”ཡོད་པའི་རྒྱལ་ཁབ་གཙོ་བོ་རྣམས་གཅིག་ཏུ་འདུས་རྒྱུར“དགེ་མཚན་ལྡན་པའི་དོན་སྙིང”ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
        ད་ཐེངས་ཀྱི་རིམ་པ་མཐོ་བའི་གྲོས་མོལ་ནང་ཀྲུང་གོ་དང་། ཧན་གོ ཨ་རི་སོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་རྒྱལ་ཁབ་15ཞུགས་ཡོད། ཤའོ་ཐེས“ཀྲུང་གོས་འཐུས་མི་མངགས་གཏོང་བྱས་པར་དགེ་མཚན་ལྡན་པའི་དོན་སྙིང་ཧ་ཅང་ཆེན་པོ་ཡོད། འདས་ཟིན་པའི་ལོ་འགའི་རིང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་གྲོས་མོལ་བྱེད་སྐབས་ཀྲུང་གོ་འདི་ཉིད་གཙོ་བོར་འཇོག་གི་ཡོད། 2014ལོའི་APECཔེ་ཅིང་ཚོགས་འདུའི་ཐོག་ཀྲུང་གོའི་སྐུལ་འདེད་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ཡོད”ཅེས་བཤད།
         ཤའོ་ཐེས་འབྱུང་འགྱུར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་གཞི་གཅིག་ཅན་དང་ཚོང་དོན་རང་མོས་ཅན་གྱི་འཕེལ་རིམ་ཁྲོད་ཀྲུང་གོས་མུ་མཐུད་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་ཀྲུང་གོས་ས་ཁུལ་དེ་གའི་ཕྱོགས་མང་ཚོང་དོན་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་སྐབས་ཏན་ཏན་ཏིག་ཏིག་བྱེད་པ་དང་། ས་ཁུལ་གྱི་རོགས་ཟླ་གལ་ཆེན་དབར་ཚོང་དོན་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་པ་མ་ཟད། གནད་དོན་དེའི་ཐད་འབྲེལ་ཡོད་རྒྱལ་ཁབ་དང་གྲོས་བསྡུར་བྱ་རྒྱུར་དགའ་བསུའང་ཞུ་གི་ཡོད་ཅེས་བཤད་པ་རེད།
         ཤའོ་ཐེས“མིག་སྔར་TPPཡི་ཁོངས་མིའི་རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོ་དང་ཚོང་དོན་འབྲེལ་བ་འཛུགས་རྒྱུར་སྣང་ཆེན་བྱེད་པ་མ་ཟད་ཀྲུང་གོ་དང་ཚོང་དོན་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ཉིད་ས་ཁུལ་དེ་གའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ལ་བརྩི་གི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།