འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལྷོ་པའི་རྒྱན་གོས་དེ་ཕྱུག་འགྱུར་གྱི"ཐབས་མཆོག"ཅིག་ཏུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་འགོ་ཚུགས་པ་དང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་ཞིང་དུད་ཅིག་ནང་སྨན་གླིང་ལྷོ་པ་རིགས་ཀྱི་རྒྱན་གོས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡཱ་དབྱིས་འཐག་ཁྲིའི་ཐོག་ཏུ་ཁ་དཀྲིས་སྔོ་དཀར་ཞིག་འཐག་བཞིན་ཡོད།
         ལྷོ་པ་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཤིག་ཡིན། ཁོང་ཚོའི་ད་ལྟའི་རྒྱན་གོས་དག་གནའ་སྔ་མོའི་ངལ་རྩོལ་རྒྱན་གོས་དང་རྔོན་རྒྱག་རྒྱན་གོས་ལས་འགྱུར་ལྡོག་བྱུང་བ་ཞིག་རེད། རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་ལྷོ་པ་བས་རས་འཐག་ལག་རྩལ་ཁོང་དུ་ཆུད་པ་དང་། ཁོང་ཚོས་རྩི་ཤིང་ཚོས་ལ་བརྟེན་ནས་བལ་སྐུད་ལ་ཚོས་བརྒྱབ་སྟེ་ཁན་སྦྱར་དང་། སྟོད་གོས། སྦུག་དབྱིབས་སྨད་གཡོགས་སོགས་འཐག་གི་ཡོད།
         2008ལོར་སྨན་གླིང་ལྷོ་པ་རིགས་ཀྱི་རྒྱན་གོས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་ནང་ཚུད་པ་རེད།
         1973ལོར་སྐྱེས་པའི་ཡཱ་དབྱིས་ཆུང་དུས་ནས་ཨ་མ་ལགས་ཀྱིས་སྙིང་རྗེ་བའི་ལྷོ་པའི་རྒྱན་གོས་འཐག་པ་མཐོང་མྱོང་ཡོད། དེར་བརྟེན་ནར་སོན་རྗེས་ཁོང་གིས་ཨ་མ་ལགས་ཀྱི་ས་ནས་རས་འཐག་སྟངས་སྦྱངས་པ་དང་། རིམ་བཞིན་དགེ་ཕྲུག་ཉར་ཏེ་ལག་ཤེས་སློབ་འགོ་ཚུགས། འོན་ཀྱང་ལག་ཤེས་དེའི་མ་འོངས་མདུན་ལམ་ལ་དུས་སྐབས་ཤིག་རིང་ཁོང་ལ་སེམས་ཁྲལ་ཆེན་པོ་བྱུང་། “ཉེ་བའི་ལོ་ཤས་རིང་། གཞོན་ནུ་ཚོས་ང་ཚོས་བཟོས་པའི་གྱོན་གོས་ལ་དེ་ཙམ་གྱིས་དགའ་པོ་བྱེད་ཀྱི་མི་འདུག ངའི་སར་ཡོང་མཁན་མང་ཆེ་བ་ལོ་རྒན་པ་ཚོ་རེད། གྱོན་གོས་གཅིག་ལས་ཡོང་འབབ་དེ་ཙམ་རག་གི་མི་འདུག ཡོང་འབབ་མེད་ན་འཚོ་བའང་རྒྱུན་འཁྱོངས་མི་ཐུབ་པས་མི་སུ་ཞིག་གིས་ཀྱང་ལས་ཀ་དེ་བྱེད་ག་ལ་འདོད”ཅེས་ཡཱ་དབྱིས་བཤད་བྱུང་།
         ཁོང་གི་དགེ་ཕྲུག་ཕྱེད་ཀ་ཙམ་ལས་ཀ་གཞན་དག་བྱེད་པར་ཕྱིན་ནས་ད་ལྟ་ཡཱ་དར་དང་། ཡཱ་སྐྱིད། ཡཱ་ཉང་བཅས་བུ་མོ་གསུམ་ལས་ལྷག་མེད་ཅིང་། ཁོང་ཚོའི་སེམས་ནང་དབྱར་རྩྭ་དགུན་འབུ་བསྔོག་རྒྱུ་ཁོ་ན་དྲན་བཞིན་ཡོད། དུས་བབ་སྡུག་ཤོས་ཀྱི་དུས་སུ་གྲོང་ཚོའི་ནང་ལྷོ་པ་རིགས་ཀྱི་རྒྱན་གོས་འཐག་ཤེས་མཁན་ཡཱ་དབྱི་དང་དགེ་ཕྲུག་གསུམ་ཕུད། ལོ་ཆུང་ཤོས་ནི་ལོ་60ལྷག་ཙམ་ཟིན་གྱི་ཡོད།
         2012ལོར“བོད་ཀྱི་སྲོལ་རྒྱུན་ལག་ཤེས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རྣམ་གྲངས”ཀྱི་དུས་མཚམས་དང་པོ་ལག་བསྟར་བྱེད་འགོ་ཚུགས་ཤིང་། པེ་ཅིང་གི་ཇུས་འགོད་པ་ཀའེ་ཧུང་རུའེ་ཡིས་ཡཱ་དབྱི་དགེ་ཕྲུག་བཞི་པོར་ཐབས་ལམ་གསར་པ་ཞིག་ཇུས་འགོད་བྱས་པ་ནི་བལ་སྐུད་ཐོག་རྩི་ཤིང་གི་ཚོས་གཏོང་བ་དང་། བོད་ཀྱི་ཁྱད་ཆོས་མངོན་པའི་ཚོན་མདོག་སྤྱོད་པ། ལྷོ་པའི་རྒྱན་གོས་ཀྱི་སྲོལ་རྒྱུན་འཐག་ཐབས་སྤྱོད་པ་བཅས་ལ་བརྟེན་ནས་ཁ་དཀྲིས་འཐག་སྟེ་ནང་སའི་ཁྲོམ་རར་ཕྱིར་ཚོང་བྱེད་པ་དེ་ཡིན།
         “ཉིན་གསུམ་བཞི་སྤྱད་དེ་ཁ་དཀྲིས་ཤིག་འཐག་ཚེ་ཡོང་འབབ་སྒོར་700ཡོད། ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི་ལྔ་དྲུག་བྱུང་། དེ་སྔ་ང་ཚོའི་ཁྱིམ་དེ་བཟའ་ཟླས་སྐྱེལ་འདྲེན་ལས་ལ་གཞོལ་ནས་སྐྱོང་གི་ཡོད། ད་ཆ་ང་ཁྱིམ་དུ་རས་འཐག་ན་ཁོང་དང་ཡོང་འབབ་འདྲ་མཉམ་ཡོང་གི་འདུག”ཅེས་ཕྲུ་གུ་གཉིས་ཀྱི་ཨ་མར་གྱུར་བའི་ཡཱ་དར་གྱིས་དགའ་ཚོར་ཆེན་པོས་བཤད་བྱུང་།
         ལས་ཀ་ལམ་འགྲོ་རྒྱུག་རྗེས་ཁོང་ཚོས་ཀུང་སི་ཞིག་བཙུགས་པ་མ་ཟད། ད་དུང་འབྲེལ་ཡོད་ཁེ་ལས་དང་ཚོང་ཟོག་ཡུན་རིང་མཁོ་སྤྲོད་ཀྱི་གན་རྒྱ་བཞག་པ་རེད། དེ་ལས་དགའ་ཚོར་སྐྱེ་འོས་པ་ཞིག་ནི་ད་ཆ་ཁོང་གི་སར་ལག་ཤེས་སྦྱོང་བར་ཡོང་མཁན་ཇེ་མང་དུ་ཕྱིན་ཏེ་དེ་སྔ་སྣང་བ་གཏོང་མཁན་མེད་པའི“མངོན་མིན་རིག་གནས་ཤུལ་བཞག”དེ་ད་ལྟ་ཕྱུག་འགྱུར་གྱི“ཐབས་མཆོག”ཅིག་ཏུ་གྱུར་ཡོད།
         ཁོང་གིས་འདེམས་སྒྲུག་ཡང་ཡང་བརྒྱབ་པ་བརྒྱུད་ཡཱ་དབྱི་དང་ཁོང་གི་དགེ་ཕྲུག་གསུམ་པོས་སླར་ཡང་དགེ་ཕྲུག་གསར་པ་13བསྡུས་པ་རེད། “སྔོན་མ་ཡིན་ན། ད་ལྟའི་དུས་སུ་གཞོན་ནུ་མང་ཆེ་བ་དབྱར་རྩྭ་དགུན་འབུ་སྔོག་པར་འགྲོ་གི་ཡོད་མོད། འོན་ཀྱང་ད་ལྟ་ཁོང་ཚོས་འཚང་ཁ་ཤིག་ཤིག་ངང་ལག་ཤེས་དེ་སྦྱོང་བར་ཡོང་གི་འདུག”ཅེས་ཡཱ་དབྱིས་བཤད་བྱུང་།
         “གྲོང་མིར་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་མངོན་མིན་རིག་གནས་ཤུལ་བཞག་ཀྱང་རྒྱུན་འཛིན་ཐུབ་ནས་འཁོར་རྒྱུག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། སྲོལ་རྒྱུན་གྱི་ལག་ཤེས་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་ཤས་ཤིག་ཏུ་འགྱུར་བ་བྱ་རྒྱུ་དེ་ནི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད”ཅེས་ཀའེ་ཧུང་རུའེ་ཡིས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།