འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རབས་རྗེས་མ་ལེགས་པར་བསྐྱངས། འབྱུང་འགྱུར་མེ་ཏོག་ལྷག་པར་མཛེས།

    —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སློབ་གསོ་སློབ་ཁྲིད་སྤེལ་རེས་སྐོར་གྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མི་རབས་རྗེས་མ་ལེགས་པར་བསྐྱངས། འབྱུང་འགྱུར་མེ་ཏོག་ལྷག་པར་མཛེས།
         མི་དམངས་དྲ་བའི་འཕྲིན།“དགེ་རྒན་གྲགས་ཅན་གྱི་སློབ་ཁྲིད་ཉིན་མོར”བརྟེན་ནས་དགེ་སྤེལ་སྐྱོན་སྤངས་བྱས་ཏེ་སྤེལ་རེས་ལ་སྐུལ་མ་བཏང་བ།
         ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དང་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གིས“གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག”དང“མནའ་མཐུན་སློབ་གྲྭའི་ཐུན་མོང་རྩ་འཛུགས” “སློབ་གསོ་གཤམ་སྤེལ”“དགེ་རྒན་གྲགས་ཅན་གྱི་སློབ་ཁྲིད་ཉིན་མོ” “ལག་གདང་སྦྲེལ་བ”སོགས་སློབ་གསོ་སློབ་ཁྲིད་ཀྱི་སྤེལ་རེས་བྱེད་སྒོ་རིམ་བཞིན་སྤེལ་བའི་དམིགས་ཡུལ་ནི། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་སློབ་གྲྭ་དབར་གྱི་ཧེ་བག་ཆུང་དུ་བཏང་སྟེ་ས་ཁོངས་ཀྱི་སློབ་གསོ་འཕེལ་རྒྱས་དོ་སྙོམས་ཡོང་བ་བྱ་རྒྱུ་དེ་རེད།
         “དགེ་རྒན་གྲགས་ཅན་གྱི་སློབ་ཁྲིད་ཉིན་མོའི”བྱེད་སྒོ་ནི་དགེ་རྒན་གསོ་སྐྱོང་ལྟེ་གནས་ཀྱིས་འགན་ཁུར་ནས་སྒྲིག་འཛུགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོངས་ཀྱི་དགེ་རྒན་གྲགས་ཅན་དང་རྐང་འཛིན་པས་གཙོ་རྐང་བྱས་ནས་བྱེད་སྒོའི་ནང་དོན་ཚང་མ་སློབ་གྲྭའི་སློབ་ཁྲིད་ཀྱི་དགོས་མཁོ་གཞིར་བཟུང་སློབ་གྲྭ་འབྲིང་ཆུང་གི་རྒྱ་ཡིག་དང་། བོད་ཡིག ཨང་རྩིས། དབྱིན་ཡིག ཕྱོགས་བསྡུས་སོགས་སློབ་ཚན་11དང་འབྲེལ་བ་ཡོད། གོང་གསལ་གྱི་དཔེ་སྟོན་སློབ་ཁྲིད་དང་། བརྗོད་དོན་གཙོ་བོའི་འཆད་ཁྲིད། སློབ་ཁྲིད་ཐད་བགྲོ་གླེང་བྱེད་པའམ་ཡང་ན་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ནང་དོན་དུ་བྱས་ནས་སློབ་ཁྲིད་ཀྱི་ལག་ལེན་དངོས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་དང་། གྲགས་ཅན་དགེ་རྒན་དང་རྐང་འཛིན་པའི་སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།
        “ང་ཡང་རྟག་ཏུ‘དགེ་རྒན་གྲགས་ཅན་གྱི་སློབ་ཁྲིད་ཉིན་མོའི’སློབ་ཚན་ཉན་པར་འགྲོ་གི་ཡོད་པས་བློ་སྒོ་ཆེན་པོ་འབྱེད་ཐུབ་ཀྱི་འདུག སློབ་ཚན་བཀོད་སྒྲིག་ཡག་པོ་བྱས་འདུག་ལ་དགེ་རྒན་གྲགས་ཅན་ཚོར་སློབ་སྦྱོང་བྱེད་འོས་པ་ཞིག་འདུག”ཅེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དབྱིན་ཡིག་དགེ་རྒན་ཉི་མ་ཕུན་ཚོགས་ཀྱིས་བཤད།
         “གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག”བྱས་ནས་གཞི་རིམ་སློབ་གྲྭ་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་པ།
         ལྷ་ས་གྲོང་ཁྱེར་སློབ་ཆུང་གིས་《ཞིང་འབྲོག་ཁུལ་སློབ་ཆུང་གི་སློབ་གསོའི་སྤུས་ཚད་མཐོར་གཏོང་བྱེད་སྒོར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞིའི་སྐོར་གྱི་བརྡ་ཐོ་》ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་རྫོང་དང་ཤང་གི་སློབ་གྲྭར་སློབ་ཁྲིད་དཔེ་སྟོན་དང་ཆེད་ལས་ཀྱི་རྒྱབ་སྐྱོར་བྱས་ནས་དགེ་རྒན་གྲགས་ཅན་དང་རྐང་འཛིན་དགེ་རྒན་གཤམ་དུ་བསྐྱོད་དེ་སློབ་ཁྲིད་བྱས་པ་དང་། ཆ་སྒྲིག་རྫོང་ཁོངས་ཀྱི་སློབ་གྲྭའི་དགེ་རྒན་ཁ་གཏད་སློབ་གྲྭར་ཡོང་ནས་སློབ་ཚན་ཉན་པ་དང་བགྲོ་གླེང་བྱས་པ། སློབ་སྤྱི་གཤམ་སྐྱོད་ཀྱིས་སྤེལ་རེས་སོགས་བྱས་པ་རེད།
         “2016ལོར། རང་རེའི་སློབ་གྲྭ་དང་སྙེ་མོ་རྫོང་གཞུ་སྨད་སློབ་ཆུང་དབར‘གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག’གི་འབྲེལ་བ་བཙུགས་པ་དང་འབྲེལ‘དགེ་རྒན་གྲགས་ཅན་གྱིས་སློབ་ཁྲིད་བྱེད་པའི’བྱེད་སྒོ་ཧུར་ཐག་སྤེལ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ཧྥུང་ཤིན་ཅོན་གྱིས“2016ལོའི་ཟླ་9པར། ང་ཚོའི་སློབ་གྲྭས་དགེ་རྒན་གྲགས་ཅན་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་སྙེ་མོ་རྫོང་དུ་སློབ་ཁྲིད་བྱས་པ་དང་། སློབ་ཁྲིད་ཞིབ་དཔྱད་སློབ་ཚན་དང་། དཔེ་སྟོན་སློབ་ཚན། བགྲོ་གླེང་དང་སྤེལ་རེས། ཆེད་དོན་འཆད་ཁྲིད་བཅས་ལྷུ་ཚིགས་བཞི་ལ་དམིགས་ནས་སློབ་ཚན་ཁྲིད་པ་དང་། ཟླ་10པར་གྲགས་ཅན་སློབ་སྤྱི་དང་དགེ་རྒན་གྱིས་ཆུ་ཤུར་རྫོང་དུ‘སློབ་ཚན་གཅིག་ཁྲིད་སྟངས་མི་འདྲ་བའི’བྱེད་སྒོ་སྤེལ་བ་དང་དེ་བཞིན་ཆེད་དོན་འཆད་ཁྲིད”བྱས་ཡོད་ཅེས་བཤད།
         སློབ་ཁྲིད་གཤམ་སྤེལ་བྱས་པ་ཕུད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་ད་དུང“གདན་དྲངས་པའི”རྩ་དོན་མཐའ་འཁྱོངས་བྱས་ནས་སློབ་གྲྭའི་དབར་སྤེལ་རེས་བྱེད་སྒོ་ཧུར་ཐག་སྤེལ་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་གང་ཐུབ་ཀྱིས་ཆ་སྒྲིག་སློབ་གྲྭའི་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་བཏང་ཡོད།
         “མནའ་མཐུན་སློབ་གྲྭའི་ཐུན་མོང་རྩ་འཛུགས”ལ་བརྟེན་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ།
         ལྷ་ས་སློབ་ཆུང་དང་པོ་དང་། ཧའེ་ཏན་སློབ་ཆུང་། རྗེ་འབུམ་སྒང་སློབ་ཆུང་། དཔལ་སྡིངས་སློབ་ཆུང་བཅས་མནའ་མཐུན་སློབ་གྲྭའི་ཐུན་མོང་རྩ་འཛུགས་ཡིན་པ་དང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་། གཙང་བྲན་སློབ་ཆུང་། དོག་སྡེ་སློབ་ཆུང་། ཞོལ་སློབ་ཆུང་བཅས་ཀྱང་མནའ་མཐུན་སློབ་གྲྭའི་ཐུན་མོང་རྩ་འཛུགས་རེད། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཚང་མ་ཐུན་མོང་རྩ་འཛུགས་ནང་ཚུད་ཡོད་པ་མ་ཟད། ཐུན་མོང་རྩ་འཛུགས་ཚང་མར་སྟོབས་ཤུགས་ཆེ་ཆུང་མི་འདྲ་བའི་སློབ་གྲྭ་རེ་ཡོད་ཅིང་། མནའ་མཐུན་སློབ་གྲྭ་བཙུགས་པ་བརྒྱུད་རྫོང་ཁོངས་ཀྱི་སློབ་གསོ་དོ་སྙོམས་འཕེལ་རྒྱས་བྱུང་ཡོད།
         མནའ་མཐུན་སློབ་གྲྭའི་ཐུན་མོང་རྩ་འཛུགས་སྐོར་གླེང་སྐབས། ཧྥུང་ཤིན་ཅོན་གྱིས“མནའ་མཐུན་སློབ་གྲྭ་འཛུགས་པའི་དམིགས་ཡུལ་ནི། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་ཁག་དོ་སྙོམས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད། ང་ཚོའི་སློབ་གྲྭས་ཐུན་མོང་རྩ་འཛུགས་ཀྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྔོག་འདོན་དང་བསྡུ་སྒྲིལ་གང་ལེགས་བྱས་ནས་ཐུན་མོང་རྩ་འཛུགས་ཀྱི་དགེ་རྒན་དཔུང་ཁག་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཕྱར་བ་གྲུ་འདེགས་ཀྱིས་ཆེ་རུ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་གོང་མཐོར་འགྲོ་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
         2015ལོའི་ཟླ་3པ་ནས་ད་བར། ལྷ་ས་ཚོད་ལྟའི་སློབ་ཆུང་གིས་མནའ་མཐུན་སློབ་གྲྭའི་འགོ་ཁྲིད་དང་དེ་བཞིན་དགེ་རྒན་གྱི་འཐུས་མི་སློབ་གྲྭར་སྤེལ་རེས་བྱེད་པར་ཐེངས་མང་གདན་དྲངས་ཏེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་འཕེལ་རྒྱས་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་ཆབས་ཅིག དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་། འབྲིང་རིམ་དཔུང་ཁག་འཛུགས་སྐྱོང་། སློབ་གསོ་སློབ་ཁྲིད་སོགས་ཀྱི་ཐད་ལ་མུ་མཐུད་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད། དོག་སྡེ་སློབ་ཆུང་དང་གཙང་བྲན་སློབ་ཆུང་གི་སློབ་གྲྭའི་དགེ་རྒན་ཚོས“རྐང་འཛིན་དགེ་རྒན་གྱིས་དངོས་སྡོད་མཛུབ་ཁྲིད་བྱས་པ་དེས་དགེ་རྒན་གྱི་ཆེད་ལས་གོང་འཕེལ་མྱུར་པོ་ཡོང་བར་སྣེ་ཁྲིད་ངོ་མ་ཐུབ་པས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་མུ་མཐུད་དགེ་རྒན་གྱི་སློབ་ཁང་ནང་གི་སློབ་ཁྲིད་བྱེད་སྟངས་ལེགས་སུ་བཏང་ནས་སློབ་གྲྭའི་སློབ་ཁྲིད་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ་དགེ་རྒན་གྱིས་དགེ་ཕྲུག་ལ་ཁྲིད་པའི་རྣམ་པའི་ཐོག་ནས་སློབ་ཁྲིད་རོགས་སྐྱོར་ཐད་སྣེ་ཁྲིད་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
         ཉེ་བའི་ལོ་ཤས་རིང་། སློབ་ཚན་སློབ་ཁྲིད་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་བཏང་སྟེ་ཕུལ་བྱུང་དགེ་རྒན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་ཡོང་ཆེད། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མས་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་སྤེལ་རེས་དང་གླེང་མོལ་ལ་ཤུགས་སྣོན་བརྒྱབ་པས་སློབ་གྲྭ་ཁག་དབར་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་འདུས་གྲུབ་དང་མཉམ་སྤྱོད་ཐུབ་ཡོད་ཅིང་། འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བོད་སྐྱོར་དགེ་རྒན་དང་སློབ་མའི་དབར་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།