འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་གཤིས་འགྱུར་ལྡོག་གི་ཉེན་ཁས་ཨ་ཧྥེ་རི་ཁའི་ཞིང་ལས་ལ་ཚོད་བགམ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོ་ལ་ཧྲིལ་པོའི་ཉེན་ཁ་དབྱེ་ཞིབ་དཔྱད་དཔོག་ཀུང་སི་ཝེ་ལི་སི་ཁོ་ཧྥུང་ཡོན་གྱིས། ཉེ་ཆར། ཡོངས་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁའི་སྟོན་གྲངས་སྙན་ཞུར་གཞིགས་ན། གོ་ལ་ཧྲིལ་པོའི་ཞིང་ལས་ལ་རྟེན་མང་ཤོས་ཀྱི་རྒྱལ་ཁབ་20ཡི་ནང་རྒྱལ་ཁབ་17ནི་ས་ཧ་ལའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་དེ་དག་ལ་འབྱུང་འགྱུར་ལོ་30ཡི་ནང་གནམ་གཤིས་འགྱུར་ལྡོག་གི“ཉེན་ཁ་ཆེན་པོ”དང“ཉེན་ཁ་ཧ་ཅང་ཆེན་པོ”འཕྲད་རྒྱུ་ཡིན་པ་རེད།
         སྙན་ཞུ་དེའི་ནང་། གནམ་གཤིས་དཔེ་དབྱིབས་གསར་ཤོས་བེད་སྤྱད་དེ་དུས་ཚིགས་དབྱེ་ནས་གོ་ལ་ཧྲིལ་པོའི་ས་ཁོངས་ཁག་གི་དྲོད་ཚད་དང་ཆར་པ་བབས་ཚུལ་ལ་དབྱེ་ཞིབ་བྱས་ཡོད། སྙན་ཞུའི་ནང་མངོན་པར། ས་ཧ་ལའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁར་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཆེ་ཤོས་ཡིན་པ་དང་ལྷག་པར་དུ་ཞིང་ལས་ལ་རྟེན་མང་ཤོས་ཀྱི་རྒྱལ་ཁབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། སྙན་ཞུའི་ནང་གི“གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ཡོངས་བསྒྲགས་སྟོན་གྲངས”དེས་རྒྱལ་ཁབ་ཁག་ཉེན་ཁའི་རིམ་པ་4ལ་དབྱེ་ཡོད། དེའི་ནང“ཉེན་ཁ་ཆེན་པོ”དང“ཉེན་ཁ་ཧ་ཅང་ཆེན་པོས”འབྱུང་འགྱུར་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་མཚོན་པ་དང་དེ་གཙོ་བོ་ཨ་ཧྥེ་རི་ཁ་དང་མེ་གླིང་དབུས་མར་གཅིག་སྡུད་བྱས་ཡོད་པ་དང་། “ཉེན་ཁ་འབྲིང་བ”དང“ཉེན་ཁ་དམའ་བ”ས་ཁུལ་གཞན་དག་ལ་ཁྱབ་ཡོད།
         ཨ་ཧྥེ་རི་ཁ་ནི་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ལ་རྟེན་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན། ཨ་ཧྥེ་རི་ཁ་ཤར་མར་ཞིང་ལས་ཐོན་སྐྱེད་རིན་ཐང་གིས་དཔལ་འབྱོར་སྤྱིའི་ཐོན་སྐྱེད་རིན་ཐང་གི་31%བཟུང་ཡོད། ཨ་ཧྥེ་རི་ཁ་ནུབ་མར་དཔལ་འབྱོར་ཡོང་འབབ་22%ཞིང་ལས་ཐོན་སྐྱེད་ནས་བྱུང་ཡོད། ཨ་ཧྥེ་རི་ཁ་ཤར་མ་དང་ཨ་ཧྥེ་རི་ཁ་ནུབ་མ་གཉིས་ཀ“ཉེན་ཁ་ཆེན་པོའི”ཁོངས་སུ་གནས་ཡོད། ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱིས་ཞིང་ལས་ཐོན་སྐྱེད་ལ་རྟེན་ཚད་18%ལས་ཟིན་གྱི་མེད་ནའང་ས་ཁུལ་དེ་ཉིད“ཉེན་ཁ་ཧ་ཅང་ཆེན་པོའི”ཁོངས་སུ་གནས་ཡོད། ཨ་ཧྥེ་རི་ཁས་ཕྱིར་འབུད་བྱེད་པའི་དྲོད་ཁང་རླངས་གཟུགས་ཀྱིས་གོ་ལ་ཧྲིལ་པོའི་ཕྱིར་འབུད་བསྡོམས་འབོར་གྱི་4%ལས་བཟུང་གི་མེད། འོན་ཀྱང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་མངོན་གསལ་དོད་ཤོས་ཀྱི་ས་ཁུལ་ཞིག་ཡིན། ཨ་ཧྥེ་རི་ཁའི་མི་འབོར་གྱི་65%ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ནས་ཐོན་པའི་སྐྱབས་བཅོལ་བའི་མི་འབོར་ཁྲི་1000ལས་བརྒལ་ཡོད་པ་རེད།
         ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་སྐྱེད་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གང་དག་ཐེབས་རྒྱུ་ཡིན་ནམ། སྙན་ཞུའི་ནང་ཨ་ཧྥེ་རི་ཁའི་ཞིང་པ་མང་ཆེ་བས་སྔར་བཞིན་སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་བྱ་ཐབས་སྤྱད་པས་ལོ་ཏོག་གསར་པར་མ་འཇོག་བྱེད་པའམ་ཡང་ན་ཞིང་ལས་འཕྲུལ་ཆས་གསར་པར་བརྟེན་ནས་ཐོན་འབབ་མཐོ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་བདེ་འཇགས་ཀྱི་དངུལ་རྩའི་ཐབས་ལམ་མེད། ཝེ་ལི་སི་ཁོ་ཧྥུང་ཡོན་གྱི་དབྱེ་ཞིབ་པ་ལི་ཁྲ་ཏེ·ཤིའུ་སི་ཏུན་གྱིས་སེམས་ཁྲལ་ཆེན་པོས་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ཆེན་པོ་འཕྲད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་དག་ལ་ཐན་པ་དང་འབྲུ་རིགས་བདེ་འཇགས་སོགས་བྱ་དཀའ་བྱེད་གཏད་ཀྱི་གནད་དོན་འཕྲད་རྒྱུ་ཡིན། ནོར་སྲིད་དང་ལག་རྩལ་ཐོན་ཁུངས་དཀོན་པའི་དཔེ་མཚོན་རྒྱལ་ཁབ་ཡིན་པའི་ཁོང་ཚོར་འབྱུང་འགྱུར་ལོ་30ཡི་གནས་ཚུལ་སྔ་སྣུར་དུ་ཁ་གཏད་གཅོག་པའི་ནུས་པ་མེད། གཞན་ཡང་ཨ་ཧྥེ་རི་ཁའི་ཞིང་པར་དེང་རབས་ཀྱི་ལག་རྩལ་མེད་སྟབས་དྲོད་ཚད་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་ཐབས་བྲལ་བ་དང་གོ་སྐབས་ཡག་པོ་དང་བསྟུན་ནས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་། ཆུ་འདྲེན་པ། བརྔ་བསྡུ་བཅས་བྱེད་ཐུབ་ཀྱི་མེད་ཅེས་བཤད་པ་རེད།
         ཨ་ཧྥེ་རི་ཁའི་ལྗང་མདོག་གསར་བརྗེ་མནའ་འབྲེལ་གྱི་ཀྲུའུ་ཞི་ཁ་ལི་པ་ཐ་ཡིས། འདི་ལོ་ཨ་ཧྥེ་རི་ཁའི་ཞིང་པ་ཁྲི་བརྒྱ་ཕྲག་མང་པོར་དྲོད་ཚད་མཐོ་བ་དང་ཆར་པ་བབ་ཉུང་བའི་ཤུགས་རྐྱེན་ཐེབས་ཡོད། དཔེར་ན་མ་ལ་ཝེ་རུ་མ་རྨོས་ལོ་ཏོག་ནི་ལོ་ཏོག་དང་བཟའ་བཅའ་གཙོ་བོ་ཡིན་པ་དང་2016ལོར་ཚོད་རྩིས་ཐོན་འབོར་ཏུན་ཁྲི་250ཡིན་པ་དེ་ལོ་5ཡི་གོང་དང་བསྡུར་ན་34%ཆག་པས་དམངས་ཚོགས་39%ཡིས་རྒྱལ་སྤྱིའི་འབྲུ་རིགས་རོགས་སྐྱོར་ལ་བརྟེན་ནས་འཚོ་ཐབས་མི་བྱེད་ཀ་མེད་བྱུང་བ་དང་ཉམས་ཞན་མི་ཚོགས་ན་ནིང་ལས་129%མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།