འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མེ་ཤུགས་འཕུར་མདའ་ཆེ་གྲས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གྱི་ལག་རྩལ་འགག་སྒྲོལ་
    ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་ཀྱི་ཞིབ་བཟོའི་ལས་དོན་དུས་འགོའི་འགག་རྩའི་ལག་རྩལ་འགག་སྒྲོལ་དང་ཇུས་འགོད་ཟབ་གཏོང་གི་རིགས་པའི་ཁུངས་སྐྱེལ་བྱེད་འགོ་ཚུགས་ཤིང་། མིག་སྔར་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གྱི་ལག་རྩལ་འགག་སྒྲོལ་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་རེད།
          “མེ་ཤུགས་འཕུར་མདའི་སྐྱེལ་འདྲེན་ནུས་པ་ཇི་ཙམ་ཆེ་ན་འཇིག་རྟེན་འཕུར་སྐྱོད་ཀྱི་སྟེགས་བུ་དེ་ཙམ་གྱིས་ཆེ་བ་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཁང་དྲུག་པའི་ཚན་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་ཐན་ཡུང་ཧྭ་ཡིས་མིག་སྔར་འཛམ་གླིང་འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེན་རྒྱལ་ཁབ་ཀྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་ཀྱི་ཞིབ་བཟོའི་འཆར་གཞི་སླར་ཡང་བཟོས་ནས། ཡོ་རོབ་དང་། རི་པིན། རྒྱ་གར་བཅས་ཀྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་གསར་པ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་ཡོད། དེ་དང་ཆབས་ཅིག་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པས་ཀྱང་རང་ཉིད་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་དུས་ཚོད་དམ་འཛིན་གྱིས་ཞིབ་བཟོ་བྱེད་བཞིན་ཡོད་ཅེས་གསུངས།
          དེའི་གོང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཡན་ཧྭ་ཡིས་རང་རྒྱལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་དེའི་མིང་ལ་རྒྱང་སྐྱོད་ཨང་དགུ་པ་རྟགས་ཅན་ཞེས་བཏགས་ནས་2030ལོའི་ཡས་མས་སུ་ཐོག་མར་འཕུར་སྐྱོད་བྱེད་རྩིས་ཡོད་ཅེས་ངོ་སྤྲོད་གནང་མྱོང་།
          ཐན་ཡུང་ཧྭ་ཡིས་རྒྱང་སྐྱོད་ཨང་དགུ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་ཀྱི་ཇུས་འགོད་འཆར་གཞིའི་ནང་འདེད་ཤུགས་ཏུན་3000ལྷག་ཙམ་དང་། ས་ཉེ་འཁོར་ལམ་གྱི་སྐྱེལ་འདྲེན་ནུས་པ་ཏུན་100ཡན། སའི་གོ་ལ་དང་ཟླ་བའི་གོ་ལའི་བར་གྱི་སྤོ་སྒྱུར་སྐྱེལ་འདྲེན་ནུས་པ་ཏུན་50ཡན་བཅས་ཟིན་རྒྱུ་ཡིན་པས་འབྱུང་འགྱུར་མི་བཞུགས་ཟླ་བའི་གོ་ལར་སྐྱོད་པ་དང་། མིག་དམར་འཚོལ་ཞིབ་ཐིག་ལེན། དེ་བས་རྒྱང་རིང་བའི་མཁའ་དབྱིངས་ཀྱི་འཚོལ་ཞིབ་ཐིག་ལེན་བཅས་ཀྱི་དགོས་མཁོ་སྐོང་ཐུབ་སྲིད། གལ་སྲིད་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་ཚེ་འཛམ་གླིང་གི་སྐྱེལ་འདྲེན་ནུས་པ་ཆེ་ཤོས་ཀྱི་མེ་ཤུགས་འཕུར་མདར་འགྱུར་རེ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།