འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཚོས་ལོ་བཅུ་གཉིས་ཀྱི་འོས་འགན་སློབ་གསོའི་སྐོར་གླེང་ནས་བསྟན་དོན་ཚོད་ལྟ་བྱས་
    ནས་ཕན་འབྲས་ཡག་པོ་ཐོན་ཚེ་གང་མགྱོགས་ཁྱབ་གདལ་གཏོང་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ས་ཁུལ་ཁག་གཅིག་ལ་ལོ་བཅུ་གཉིས་ཀྱི་འོས་འགན་སློབ་གསོ་གྲུབ་འབྲས་ལྡན་པའི་ངང་ཚོད་ལྟ་བྱས་ཡོད”ཅེས་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཡོན་ཀྲང་དབུན་ཤིའུ་ལིན་སོགས་རྒྱལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོས་འགོ་བཏོན་ནས་གང་མགྱོགས་ཁྲིམས་བཟོས་ཏེ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་འགན་ལེན་བྱེད་དགོས་ཚུལ་བསྟན་པ་རེད།
          དབུན་ཤིའུ་ལིན་གྱིས་རང་རྒྱལ་གྱིས་1986ལོར་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་ལེན་བསྟར་བ་དེས་མང་ཚོགས་ལ་སློབ་གསོ་ཆ་སྙོམས་ཐོབ་པའི་ལོ་ཚད་ཆེས་ཆེར་མང་དུ་དང་མི་འབོར་ཧྲིལ་པོའི་སྤུས་ཚད་ལེགས་སུ་སོང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཞིང་། ད་ལྟ་སྤྱོད་མུས་ཀྱི་འོས་འགན་སློབ་གསོ་དེ་དམའ་རིམ་སློབ་འབྲིང་བར་ཡིན་པ་དེས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་ལྷག་དོན་དུ་གྲོང་གསེབ་ཀྱི་སློབ་མས་མུ་མཐུད་སློབ་གསོ་དང་ལེན་མི་ཐུབ་པར་སློབ་གསོ་དྲང་གཞག་ལ་སྐྱོན་ཆེན་པོ་བཟོ་ཡི་ཡོད་ཅེས་བཤད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྩེར་སོན་ཚོགས་པའི་ལས་འཛིན་ཀྲའེ་ཀྲི་ཧའེ་ཡིས་ཉེ་བའི་ལོ་ཤས་རིང་ཀྲེ་ཅང་དང་། ཀོང་ཏུང་། ཧོ་པེ་སོགས་ས་ཁུལ་མང་པོས་མཐོ་རིམ་སློབ་འབྲིང་དུ་སློབ་ཡོན་རྩ་ཆག་གི་སློབ་གསོ་ཚོད་ལྟ་བྱས་པར་ཕན་འབྲས་ཡག་པོ་ཐོན་པ་ལས་ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞི་བརྟན་དུ་བཏང་བའི་ཐོག་ལོ་བཅུ་གཉིས་ཀྱི་འོས་འགན་སློབ་གསོ་མགྱོགས་མྱུར་སྤེལ་རྒྱུ་རེད་ཅེས་བཤད།
          འཐུས་མི་ཚོས་དང་ཐོག་སྲིད་གཞུང་གིས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་ནོར་སྲིད་གཏོང་སྒོའི་གྲུབ་ཆ་སྔར་བས་བཟང་སྒྲིག་བྱས་ནས་སློབ་གསོ་ནོར་སྲིད་ཀྱི་མ་དངུལ་གཏོང་ཡུལ་གཙོ་བོར་བཞག་ནས་སྔོན་ལ་འགན་ལེན་བྱེད་དགོས་པ་དང་། དེ་ནས་ལོ་བཅུ་གཉིས་ཀྱི་འོས་འགན་སློབ་གསོ་རིམ་བཞིན་སྤེལ་དགོས་པའི་གྲོས་འགོ་བཏོན་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ནན་ཞིང་ཆེན་ཧུད་རྫོང་ཧྲི་ཀྲང་ཚུན་ཤང་ཕེ་ཀྲའེ་སྡེ་ཁུལ་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ཕེ་ཁྲུན་ལེང་གིས“དང་ཐོག་རྒྱ་ཆེའི་གྲོང་གསེབ་ས་ཁུལ་དུ་ཁྱབ་པར་བྱས་ནས་མཐོ་རིམ་སློབ་འབྲིང་འགྲིམ་མ་ཐུབ་པའི་གྲོང་གསེབ་ཀྱི་ཕྲུ་གུར་ཕན་པ་ཐོབ་པ་བྱ་རྒྱུ་དང་། དེ་བཞིན་ཕ་མ་དང་མཉམ་དུ་གྲོང་གསེབ་ནས་གྲོང་ཁྱེར་དུ་གླ་པ་རྒྱུག་པར་ཡོང་བའི་ལས་མིའི་བུ་ཕྲུག་ལའང་ཕན་པ་ཐོབ་པ་བྱ་རྒྱུ་རེད། གྲོང་ཁྱེར་དང་ས་ཁུལ་གྱིས་དང་ཐོག་འཚོ་བར་དཀའ་ངལ་ཡོད་མཁན་གྱི་བུ་ཕྲུག་ལ་སློབ་ཡོན་མི་དགོས་པར་སློབ་གྲྭ་འགྲིམ་རྒྱུ་འགན་ལེན་བྱེད་པ་དང་གོ་སྐབས་བྱུང་ཚེ་མཐོ་རིམ་སློབ་འབྲིང་ལའང་སློབ་ཡོན་རྩ་ཆག་གཏོང་རྒྱུ་གྲོང་ཁྱེར་དང་ས་ཁུལ་ཡོངས་ལ་ཁྱབ་གདལ་གཏོང་རྒྱུ་ཡིན”ཞེས་བཤད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།