འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྐྱོར་བྱེད་པར་རིག་ནུས་ཀྱི་རྒྱབ་སྐྱོར་བྱེད་དགོས་ལ་གཞན་བརྟེན་དགོས་ལ་རང་བརྟེན་
    དེ་བས་བྱེད་དགོས།

    ——བོད་དང་ཤིན་ཅང་གི་འཐུས་མི་དང་ཨུ་ཡོན་གྱིས་གནད་སྨིན་དབུལ་སྐྱོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་སྐོར་ལ་བོད་དང་ཤིན་ཅང་ནས་ཡིན་པའི་འཐུས་མི་དང་ཨུ་ཡོན་གྱིས་དབུལ་སྐྱོར་གསར་སྤེལ་བྱེད་པར་རིག་ནུས་ཀྱི་རྒྱབ་སྐྱོར་བྱེད་པའི་ཐད་ཤུགས་རྒྱག་དགོས་པ་དང་། གཞན་བརྟེན་ལ་སྣང་ཆེན་བྱེད་དགོས་ལ་རང་བརྟེན་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་དགོས། སློབ་གསོའི་དབུལ་སྐྱོར་འཆར་འགོད་དང་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ནས་ང་དབུལ་སྒྲོལ་དགོས་པ་ནས་ངས་དབུལ་སྒྲོལ་བྱེད་པའི་བར་འགྱུར་ལྡོག་གཏོང་དགོས་ཞེས་བཤད།
         “ཕྲུ་གུ་སློབ་ཆེན་དུ་བསྐྱོད་རྗེས་ལས་བྱེད་པས་ཁ་གསབ་སྤྲོད་ཆེད་ཁྱིམ་དུ་དངུལ་ཁང་གཱ་ཨང་ཐོ་འགོད་བྱེད་པར་སླེབས་བྱུང”བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་གྱི་མང་ཚོགས་ལྷ་འབྲུག་གིས“སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་ཕྲུ་གུའི་སློབ་ཡོན་དང་། འཚོ་བའི་འགྲོ་གྲོན། ཉལ་ཁང་རིན་པ་བཅས་ཚང་མ་རྒྱལ་ཁབ་ཀྱིས་བཏང་བྱུང་། སྲིད་ཇུས་བཟང་པོ་དེ་འདྲ་རྒན་རབས་པ་ཚོས་ཐོས་མྱོང་ཡང་མེད”ཅེས་བཤད།
         ལོ་དེ་གཉིས་ནང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོའི་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ“འགན་ལེན་གསུམ”དང་། ཞག་སྡོད་སློབ་མའི་འགྲིམ་འགྲུལ་ཁ་གསབ། མཐོ་རིམ་སློབ་འབྲིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོ། སློབ་ཆེན་སློབ་མར་རོགས་སྐྱོར་སོགས་ཀྱི་ཐད་མ་དངུལ་གནད་ལ་འཁེལ་པོ་བཏང་བས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཡོད། དཀའ་ངལ་ཡོད་པའི་སློབ་མ་དེ་བས་མང་བ་སློབ་ཆེན་དུ་རྒྱུགས་འཕྲོད་ནས་མཐོ་རིམ་སློབ་གསོ་དང་ལེན་བྱ་རྒྱུ་བྱུང་སྟེ་ཤེས་བྱས་ལས་དབང་འགྱུར་བའི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཕུན་ཚོགས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱིས་བོད་ལ་སྔར་ནས་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པས་ཐག་རིང་གྲངས་ཉུང་མི་རིགས་ས་ཁུལ་ཡིན་པའི་ངོས་ནས་བརྗོད་ན་མང་ཚོགས་དབུལ་པོའི་རྗེས་ལུས་ཀྱི་བསམ་བློ་དང་སློབ་གསོ་ཐོབ་ཚད་དམའ་པོ་ཡོད་པ་ནི་གནད་སྨིན་དབུལ་སྐྱོར་བྱེད་པའི་དཀའ་གནད་ཆེ་ཤོས་དེ་ཡིན་ཞེས་བཤད།
         ཕུན་ཚོགས་ཀྱིས་མིག་སྔར་དུད་ཚང་དབུལ་པོ་ཁ་ཤས་ལ“སྒུག་རྟེན་སློང་གསུམ”གྱི་བསམ་བློ་སྔར་བཞིན་གནས་ཡོད། དབུལ་སྐྱོར་བྱེད་པར“མ་དངུལ་ཁ་གསབ་སྤྲོད་རྒྱུ”ཁོ་ན་མ་ཡིན་པར“རིག་ནུས་ཀྱི་རྒྱབ་སྐྱོར”དེ་བས་བྱས་ནས་མང་ཚོགས་དབུལ་པོར་དབུལ་སྒྲོལ་གྱི་ཤེས་བྱ་དང་རྩལ་ནུས་ལྡན་པ་བྱས་ཏེ་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་རྒྱུན་ཆད་མེད་པར་རྒྱུ་ནོར་གསོག་པ་དང“ང་་དབུལ་སྒྲོལ་དགོས”པ་ནས“ངས་དབུལ་སྒྲོལ་བྱེད་པའི”བར་འགྱུར་ལྡོག་གཏོང་རྒྱུ་དེ་འགག་རྩ་ཡིན་ཞེས་བཤད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥུའུ་ཁྲུན་ལི་ནི་ཤིན་ཅང་ཁྲ་པུ་ཁྲའར་ཤི་པོ་རང་སྐྱོང་རྫོང་ཁྲ་པུ་ཁྲའར་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་ཡིན་པ་དང་། ཁོང་གནས་ཡུལ་གྱི་རྫོང་དེ་ནི་དེ་སྔོན་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཡིན་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་རྫོང་དེ་ཡོངས་ཀྱི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་2016ལོར་དབུལ་པོའི་ཞྭ་མོ་ཕུད་པ་རེད།
         ན་ནིང་ཁྲ་པུ་ཁྲའར་ཤི་པོ་རང་སྐྱོང་རྫོང་ཧའེ་ནུ་ཁེ་ཤང་ཨ་རེ་སི་ཐན་གྲོང་ཚོའི་ཞིང་པ་ཐུའར་ཤུན་ཅང·ཐི་ལའེ་ཕུའུ་ཡིས་དབུལ་སྐྱོར་ལས་བྱེད་པའི་མཛུབ་ཁྲིད་འོག་ཤ་མོ་འདེབས་འཛུགས་ཚོད་ལྟ་བྱས་པ་དང་ཤ་མོའི་སོན་དང་སྤུས་ཁ་ཡག་པོ་ཡོད་པས་ཐུའར་ཤུན་ཅང་གི་ཤ་མོ་བྲིན་ཁ་རྒྱུག་པོ་བྱུང་ཞིང་། ད་ཆ་ཁོང་གིས་དབུལ་པོའི་ཞྭ་མོ་རྦད་དེ་ཕུད་པ་རེད། ཁོང་གི་ཤུགས་རྐྱེན་འོག་གྲོང་ཚོའི་མཐའ་འཁོར་གྱི་གྲོང་མིས་ཀྱང་དྲོད་ཁང་ཆེ་མོ་བརྒྱབ་ནས་ཤ་མོ་འདེབས་འཛུགས་བྱེད་ཀྱི་ཡོད།
         “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་པ་འཁོད་འདུག་པས་ང་རང་དགའ་ཚོར་ཆེན་པོ་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང”ཞེས་བཤད། ཧྥུའུ་ཁྲུན་ལིས་གཞི་རིམ་ལས་བྱེད་པ་ཞིག་གི་ངོས་ནས་བསམ་ཕྱོགས་གསར་གཏོད་བྱས་ཏེ་མི་སེར་གྱི་ཆེད་དུ་དཀའ་སྤྱད་ཕྱུག་འགྱུར་གྱི་ཐབས་ལམ་ཧུར་ཐག་བཏོད་དེ་དུད་ཚང་དབུལ་པོའི་དཔལ་འབྱོར་ཐད་དབུལ་སྐྱོར་བྱེད་པ་མ་ཟད། བསམ་བློའི་ཐོག་ནས་ཀྱང་དབུལ་སྒྲོལ་བྱེད་དགོས་ཞེས་བཤད།
          མཐའ་མཚམས་མི་རིགས་ས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་མ་ཟད། དབུལ་པོ་མང་བ་དང་དབུལ་པོ་ཐོན་ཚད་ཀྱང་མཐོ་བས། དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། བོད་དང་ཤིན་ཅང་ནས་ཡིན་པའི་འཐུས་མི་དང་ཨུ་ཡོན་གྱིས་སློབ་གསོའི་དབུལ་སྐྱོར་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སློབ་གསོའི་དབུལ་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ཐད་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་འབོར་དབུལ་པོའི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་དབུལ་པོའི་གནས་ལས་སྒྲོལ་བའི་ནང་གནས་སྒུལ་ཤུགས་ཆེ་རུ་ཏན་ཏིག་བཏང་ཐོག“ཕ་ཚ་བུ་རྒྱུད་དབུལ་པོ་ཡིན་པའི”སྣང་ཚུལ་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།