འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་རིན་ཆེན་རྒྱལ་གྱིས་བོད་སྨན་གྱི་ཚད་གཞིའི་མ་ལག་འཐུས་ཚང་གཏོང་དགོས་པའི་
    གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 18:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རིན་ཆེན་རྒྱལ་ལགས་ཀྱིས་བོད་སྨན་གྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གང་མགྱོགས་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
         གྲོས་འགོའི་ནང་དུ། བོད་ཀྱི་གསོ་རིག་དང་སྨན་ནི་རང་རྒྱལ་གྱི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ཀྱི་ཐོན་ཁུངས་ཤིག་ཡིན་ལ། ད་ལྟའི་བར་དུ་ལོ་ངོ་2300ལྷག་གི་འཕེལ་རྒྱས་ལོ་རྒྱུས་ལྡན་པ་རེད། དེའི་ལོ་རྒྱུས་ཡུན་རིང་བ་དང་། རིགས་པའི་གཞུང་ལུགས་འཐུས་ཚང་བ། སྨན་བཅོས་བྱ་ཐབས་ལ་ཁྱད་ཆོས་དམིགས་བསལ་ལྡན་པ། སྨན་བཅོས་ནུས་པ་གནད་ལ་འཁེལ་བ། སྤུས་ཚད་བཟང་ལ་རིན་གོང་ཁེ་བ་བཅས་ཀྱི་ཁྱད་ཆོས་ལྡན་སྟབས། བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་སྙིང་ཀླད་ཁྲག་རྩ་དང་། མཁྲིས་པ་དང་མཆིན་པའི་ནད། འཇུ་བྱེད་དབང་པོའི་ནད། རུས་ནད་སོགས་ཀྱི་ནད་རིགས་ཐད་སྨན་བཅོས་ཀྱི་སྙན་གྲགས་ཅུང་ཆེནཔོ་ཁྱབ་ཡོད་ཅིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱེད་པར་ནུས་པ་གལ་ཆེན་ཐོན་དང་འཐོན་བཞིན་ཡོད་པས། ཀྲུང་ལུགས་སྨན་བཅོས་དང་། སོག་ལུགས་སྨན་བཅོས། ཡུ་གུར་སྨན་བཅོས་སོགས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་སྨན་དང་སྨན་བཅོས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་སྤེལ་བཏང་ཡོད།
         བོད་རིགས་ས་ཁུལ་དུ་བོད་ཀྱི་གསོ་རིག་དང་སྨན་ནི་སྨན་བཅོས་ལ་བརྟེན་ནས་དབུལ་སྒྲོལ་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། བདེ་ཐང་འགན་སྲུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་རྒྱུན་ཆད་མེད་པར་འཕེལ་བ་དང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་ཆབས་ཅིག་མི་དམངས་མང་ཚོགས་ཀྱིས་བདེ་ཐང་ཡོང་བའི་དགོས་འདུན་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་སྟབས། བོད་ཀྱི་གསོ་རིག་དང་བོད་སྨན་གྱི་ཐོན་ལས་ལ་བག་ཉལ་འཕེལ་ཤུགས་དང་མཐོར་འདེགས་བྱེད་ཚད་སྔར་ལས་ཆེན་པོ་འཐོབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         རིན་ཆེན་རྒྱལ་གྱིས་རྒྱལ་ཁབ་རིམ་ངོས་ཀྱི་བོད་སྨན་ཚད་གཞི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་བཙུགས་ཏེ་འཆར་གཞི་འགོད་པར་བརྟེན་ནས་ལས་དོན་བྱ་ཐབས་ལག་ལེན་དུ་བསྟར་ཏེ་ལས་སྒྲུབ་དམིགས་འབེན་མངོན་འགྱུར་བྱས་མཐར་རྒྱལ་ཡོངས་སུ་གཅིག་གྱུར་གྱི་བོད་སྨན་རྒྱུ་ཆ་དང་བོད་སྨན་བཟོས་མའི་ཚད་གཞི་གྲུབ་པར་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད། གཞན་ཡང་《རྒྱལ་ཁབ་ཀྱི་བོད་སྨན་ཚད་གཞི་》པར་གཞི་གསར་པ་རྩོམ་སྒྲིག་ལས་དོན་སྒྲུབ་འགོ་གང་སྔ་འཛུགས་པར་བརྩོན་ལེན་བྱ་དགོས་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་བོད་སྨན་གྱི་ཚད་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་བོད་སྨན་གྱི་ཚད་གཞི་དག་བཅོས་དང་མཐོ་རུ་གཏོང་རྒྱུར་དངོས་པོའི་རྨང་གཞི་འདོན་སྤྲོད་བྱ་དགོས་ཞེས་བཏོན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།