འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཙུང་ཐུང་ཐི་རོམ་ཕུ་ཡིས་དབྱང་ཅེ་ཁྲི་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་28ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་27ཉིན། ཨ་རིའི་ཙུང་ཐུང་ཐི་རོམ་ཕུ་ཡིས་ཕོ་བྲང་དཀར་པོའི་ནང་དུ་ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲི་ལ་མཇལ་ཕྲད་གནང་བ་རེད།
    དབྱང་ཅེ་ཁྲི་ཡིས་ཐི་རོམ་ཕུ་ལ་ཀྲུའུ་ཞི་ཞིས་ཅིན་ཕིང་གི་འཚམས་འདྲི་བརྒྱུད་བཤད་བྱས་ཤིང་། ཐི་རོམ་ཕུ་ཡིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དབྱང་ཅེ་ཁྲི་ལ་ཁོང་ཉིད་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་འཚམས་འདྲི་བྱས་དོན་བརྒྱུད་བཤད་གནང་རོགས་ཀྱང་ཞུས་པ་རེད།
         དབྱང་ཅེ་ཁྲི་ཡིས་ཉིན་ཤས་སྔོན་དུ་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་གཉིས་བར་ཞལ་པར་སྐྱོན་རེས་གནང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཞིང་། དུས་རིམ་རྗེས་མའི་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཁ་ཕྱོགས་གསལ་པོར་བསྟན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་ཞལ་པར་སྐྱོན་རེས་གནང་བའི་དགོངས་དོན་ལ་གཞིགས་ནས་འགལ་བ་མི་བྱེད་པ་དང་། ཁ་གཏད་དུ་མི་ལང་བ། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་ཕན་བྱེད་པ་བཅས་ཀྱི་རྩ་དོན་བཟུང་ནས་མཐོ་རིམ་བར་དང་རིམ་པ་ཁག་གི་བར་འགྲོ་འོང་བྱེད་ཤུགས་ཆེ་རུ་འགྲོ་བ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་དང་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་དང་མཉམ་ལས་བྱེད་ཕྱོགས་རྒྱ་ཁྱབ་ཆེར་འགྲོ་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་དོན་ལ་བརྩི་འཇོག་བཅས་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བརྟན་པོའི་ངང་གོང་ནས་གོང་དུ་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པར་བསྐྲུན་དགོས་ཞེས་བསྟན་པ་རེད།
           ཐི་རོམ་ཕུའུ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པའི་ཁ་པར་གཏོང་རེས་བྱས་པར་དགྱེས་ཚོར་ཧ་ཅང་ཆེན་པོ་བྱུང་། ཨ་རིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་ལས་འབྲེལ་བ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་བར་ལ་མཉམ་ལས་ཇེ་དམ་དུ་བཏང་ནས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཐད་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།