འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྨོན་ལམ་ཆེ་མོ་འཚོགས་པས་ཡངས་ཤིང་རྒྱ་ཆེ་བའི་རྔ་པའི་རྩྭ་ཐང་དགའ་སྤྲོ་རབ་ཏུ་འཁོལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་གསར་ཤར་ནས་གངས་ཆེན་པོ་བབས་རྗེས་ཡངས་ཤིང་རྒྱ་ཆེ་བའི་རྔ་པའི་རྩྭ་ཐང་ཁ་བས་བཀླུབས་ཤིང་། ཞོགས་པའི་ཉི་གཞོན་ས་སྟེང་དུ་འཕྲོ་བ་དང་དུས་གཅིག་ཏུ་དབེན་འཇམ་དགོན་པའི་གྱང་དམར་ལས་དམར་མདངས་རབ་ཏུ་རྒྱས། “ས་མཐོའི་ཚོང་གྲོང”ཞེས་བརྗོད་པའི་ཡུལ་དེར་འཛམ་གླིང་ས་གནས་ཁག་ནས་ཡུལ་སྐོར་བ་དང་དད་ལྡན་པ་མང་པོ་སླེབས་ཡོད། ཁོང་ཚོ་ཚང་མ་ལོ་གཅིག་དུས་གཅིག་གི་སྨོན་ལམ་ཆེ་མོར་ཞུགས་པར་ཡོང་ཤ་སྟག་རེད།
           རྔ་པ་རྫོང་གི་ལོ་གཅིག་དུས་གཅིག་གི་མཛད་སྒོ་གཟབ་རྒྱས་ཤིག་ཡིན་པས་དགོན་སྡེ་ཁག་ཚང་མས་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྟེན་འབྲེལ་ཞུ་གི་ཡོད། ཞོགས་པའི་ཉི་འོད་བསྭེ་དགོན་པའི་རྩྭ་ཐང་ཆེ་མོར་འཕྲོ་སྐབས་སི་ཁྲོན་ནུབ་བྱང་བོད་རིགས་ས་ཁུལ་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཇོ་ནང་གྲུབ་མཐའི་དགོན་པར“གོས་སྐུ་འགྲེམས་པའི”མཛད་སྒོ་གཟབ་རྒྱས་ཤིག་གཉེར་བ་རེད།
         གཡུང་དྲུང་བོན་གྱི་སྣང་ཞིག་དགོན་དུ་རྔམ་བརྗིད་ལྡན་པའི་དུང་དང་རྒྱ་གླིང་གི་སྒྲ་གྲགས་པ་དང་། བསངས་ཀྱི་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ། རླུང་རྟ་སྔོ་ཞིང་དྭངས་བའི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བ་མ་ཟད། དུས་ཐོག་ཏུ་འཚོགས་པའི་རྟ་རྩལ་འགྲན་བསྡུར་དང་འཆམ་རྒྱག་པའི་བྱེད་སྒོར་ཀུན་གྱི་ཡིད་དབང་འཕྲོག་ཡོད། “སྨོན་ལམ་ཆེ་མོའི་རིང་རྟ་པའི་རུ་ཁག་ནི་སྣང་ཞིག་དགོན་གྱི་ཁྱད་ཆོས་ཤིག་རེད”ཆེད་མངགས་དེ་གར་དམངས་གཞས་འཚོལ་བསྡུ་བྱེད་པར་ཡོང་བའི་དམངས་སྲོལ་རིག་གནས་ཞིབ་འཇུག་མཁས་ཅན་ལིའུ་ཁྲའོ་ཡིས་གསར་འགོད་པར་དེ་སྔ་བོད་ཀྱིས་སྨོན་ལམ་ཆེ་མོ་འཚོགས་སྐབས་སོག་པོའི་རྟ་དམག་དང་རྐང་དམག་ཐོན་པའི་རྣམ་པ་ད་དུང་དེ་གར་མཐོང་རྒྱུ་འདུག་ཅེས་བརྗོད་བྱུང་།
          སྨོན་ལམ་ཆེ་མོ་འཚོགས་རིང་རྔ་པ་རྫོང་ཁོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་42ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་གྱི་ཡོད་ཅིང་། སྨོན་ལམ་འཚོགས་པ་དང་། འཆམ་རྒྱག་པ། གོས་སྐུ་འགྲེམས་པ། མཆོད་མེ་ཕུལ་བ་སོགས་རྒྱུན་དུ་མཐོང་དཀོན་པའི་བྱེད་སྒོ་ཚང་མ་དུས་ཆེན་དེའི་རིང་མཐོང་རྒྱུ་ཡོད། ཡིད་དུ་འོང་བའི་རྒྱན་གོས་དང་། ལྷ་མོའི་འབག ཆོས་ཆས། ཐང་ག བཅོ་ལྔ་མཆོད་པ་སོགས་ནི་ས་གནས་ཀྱི་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཞིག་དེ་བས་ཀྱང་རེད།
          སྨོན་ལམ་ཆེ་མོ་འཚོགས་རིང་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་མངོན་པ་བྱས་ཡོད་ལ་དེ་བས་བོད་རིགས་མི་དམངས་ཀྱིས་ནང་མི་ཀུན་ནད་མེད་ཚེ་རིང་དང་རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ཟླ་བ་དང་པོའི་ཚེས་གསུམ་ནས་ཚེས་བཅུ་བདུན་བར་རྒྱུན་མཐུད་ངང་ཉིན་15འཚོགས་པའི་སྨོན་ལམ་ཆེ་མོར་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་དང་དད་ལྡན་པ་ཁྲི་2ཙམ་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།