འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འབྱོར་འབྲིང་འོ་མའི་བྱ་སྤྱོད་པེ་ཅིང་དུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་21ཉིན་གྱི་སྔ་དྲོ་ཞིང་ལས་པུས་ཀྲུང་གོ་དཀར་ཆུ་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་གྱིས་པེ་ཅིང་དུ“ཀྲུང་གོའི་འབྱོར་འབྲིང་འོ་མའི་བྱ་སྤྱོད”སྤེལ་འགོ་བཙུགས་པ་རེད། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་བྱེད་སྒོའི་ཐོག་ང་ཚོས་ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ཏེ་མཁོ་སྤྲོད་ཕྱོགས་དང་དགོས་མཁོའི་ཕྱོགས་ཀྱི་བྱེད་ཐབས་མཉམ་སྤྱོད་ཀྱིས་དཀར་ཆུའི་ལས་རིགས་འཕེལ་རྒྱས་དང་དེང་རབས་ཀྱི་དཀར་ཆུའི་ལས་རིགས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཀྲུང་གོ་བ་ཡོངས་ལ་སྤུས་ལེགས་དང་བདེ་འཇགས་ཀྱི་འོ་མ་འཐུང་རྒྱུ་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
          དཀར་ཆུའི་ཐོན་རྫས་འཛད་སྤྱོད་ནི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ཚད་འཇལ་བྱེད་པའི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་ཡིན། མིག་སྔར། རང་རྒྱལ་དུ་མི་རེས་ཆ་སྙོམས་དཀར་ཆུའི་ཐོན་རྫས་འཛད་སྤྱོད་བྱེད་ཚད་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་གསུམ་ཆ་གཅིག་དང་ཨེ་ཤེ་ཡའི་གཉིས་ཆ་གཅིག་ལས་ཟིན་གྱི་མེད། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དུང་ཕྱུར་1.4ཡི་ཁྲོད་སློབ་མ་ཁྲི་2000ལ་ཆེད་མངགས་སློབ་མར་མཁོ་འདོན་བྱས་པའི་འོ་མ་འཐུང་རྒྱུ་ཡོད། ཡིན་ནའང་ས་ཁུལ་དབུལ་པོའི་ཕྲུ་གུ་མང་པོ་ཞིག་ལ་འོ་མ་འཐུང་རྒྱུ་མེད་པ་དང་ཐ་ན་ཕྲུ་གུ་ཁག་གཅིག་གིས་འོ་མ་མཐོང་མྱོང་ཡང་མེད་པ་རེད།
           ད་ཐེངས་ཀྱི་བྱ་སྤྱོད་ཐོག་དཀར་ཆུའི་ལས་རིགས་ཀྱི་ཁེ་ལས་སྟོབས་ཆེན་20སྒྲིག་འཛུགས་བྱས་ཏེ་ས་ཁུལ་དབུལ་པོའི་སློབ་གྲྭར་འོ་མ་ཞལ་འདེབས་བརྒྱབ་ནས་ས་ཁུལ་དབུལ་པོའི་སློབ་མའི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་རོགས་བྱེད་པ་དང་འོ་མའི་འཚོ་བཅུད་དབུལ་སྐྱོར་བྱས་ནས་སྤྱི་ཕན་བྱ་སྤྱོད་ནང་ཞུགས་པའི་འོ་མའི་བླུགས་སྣོད་སྟེང“ཀྲུང་གོའི་འབྱོར་འབྲིང་འོ་མའི་བྱ་སྤྱོད”ཅེས་པའི་མཚོན་རྟགས་གཅིག་གྱུར་ཐོག་བཀོད་ཡོད། འགོ་འཛུགས་མཛད་སྒོའི་ཐོག་དབྱི་ལི་དང་། མོང་ཉིའུ། ཅུན་ལེ་པའོ་སོགས་དཀར་ཆུ་ལས་རིགས་ཀྱི་ཁེ་ལས་སྟོབས་ཆེན་20ཡིས་ས་ཁུལ་དབུལ་པོའི་སློབ་གྲྭར་འོ་མ་ཞལ་འདེབས་བརྒྱབ་པ་དང་། བསྡོམས་རྩིས་རགས་ཙམ་བརྒྱབ་ན་སྒོར་ཁྲི་5560རི་བའི་གཤེར་གཟུགས་འོ་མ་སྒམ་ཁྲི་106དང་འོ་རྩམ་སྒམ་5584ཞལ་འདེབས་བརྒྱབ་པའི་ཕན་པ་སློབ་མ་ཁྲི་11ལ་ཐོབ་རྒྱུ་ཡིན་པ་རེད།
          “ལོ་མང་ཧུར་བརྩོན་འབད་འཐབ་བྱས་པ་བརྒྱུད་རང་རྒྱལ་གྱི་དཀར་ཆུའི་ལས་རིགས་ཀྱི་ཐོན་སྐྱེད་རྨང་གཞི་རྒྱལ་ཁབ་གཞན་གྱི་རྗེས་སུ་འབྲང་ཐུབ་པ་དང་ཐོན་རྫས་ཀྱི་བདེ་འཇགས་འགན་ལེན་མ་ལག་ཀྱང་བཙུགས་ཐུབ་པའི་ཁར་གསོ་ཚགས་བྱེད་པ་ནས་ལས་སྣོན་བྱེད་པའི་བར་སྤུས་ལེགས་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་གཞི་རྩའི་ཆ་རྐྱེན་ལྡན་ཡོད”ཅེས་ཡུས་ཁང་ཀྲེན་གྱིས་བཤད། 2016ལོར་རང་རྒྱལ་གྱི་འོ་མ་དང་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་3602དང་ཏུན་ཁྲི་2993སོ་སོར་ཟིན་པ་དང་སན་ཅུས་ཆིན་ཨན་སོགས་བཀག་སྡོམ་ལས་འགལ་བའི་སྦྱོར་རྟ་འཐེན་བཤེར་ཚད་ལོན་ཚད་ལོ་8བསྟུད་མར་100%མཐའ་འཁྱོངས་ཐུབ་པ་དང་། གཞི་ཁྱོན་ལྡན་པའི་འབྲོག་རའི་དཀར་ཆུའི་ཞག་ཚི་དང་དཀར་ཆུའི་སྤྲི་དཀར་སོགས་ཀྱི་དམིགས་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལ་སླེབས་ནས་དཀར་ཆུའི་ཐོན་རྫས་དང་ཕྲུ་གུ་དམར་འབྱར་དང་བྱིས་པའི་འོ་རྩམ་ཚད་ལོན་ཚད་བཟའ་བཅའི་བདེ་འཇགས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།