འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཝང་དབྱི་དང་ཞལ་པར་སྐྱོན་རེས་གནང་ནས་
    ཀྲུང་གོ་གཅིག་ལས་མེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བསྐྱར་བསྒྲགས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཝང་དབྱི་དང་ཞལ་པར་སྐྱོན་རེས་གནང་ནས་
ཀྲུང་གོ་གཅིག་ལས་མེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བསྐྱར་བསྒྲགས་གནང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཁ་དན་བཞག་པ་ལྟར་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་པུའུ་ཀྲང་མོང་ཧོ་ཨོར་ཅི་ལེ་དང་ཞལ་པར་སྐྱོན་རེས་གནང་བ་རེད།
           མོང་ཧོ་ཨོར་ཅི་ལེ་ཡིས་བསྟན་དོན། མོང་གོལ་རྒྱལ་ཁབ་སྲིད་གཞུང་གིས་མི་རིང་བའི་གོང་ལ་ཏཱ་ལ་མོང་གོལ་རྒྱལ་ཁབ་ཏུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་ཡོང་བ་ལས་མོང་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པར་ཡིད་ཕམ་པ་དང་། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅིང་། སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ནི་ཀྲུང་གོའི་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ལྗོངས་ཀྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཀྱི་ཁོངས་སུ་གཏོགས་པ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མོང་གོལ་ཕྱོགས་ཀྱིས་ཏཱ་ལ་ཡིས་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་ཡོང་བ་དང་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་པ་ངོས་འཛིན་བྱས་པ་སོགས་ཀྱི་གནད་དོན་སྐོར་དེ་སྔོན་ཡོངས་ཁྱབ་ཏུ་གསལ་སྟོན་བྱས་པའི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་རེད། མོལ་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། མོང་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོང་ཏན་ཏིག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མོང་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
           ཝང་དབྱི་ཡིས་བསྟན་དོན། ཀྲུང་མོང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གོང་དུ་འཕེལ་བ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་རེད། ཏཱ་ལ་ཡིས་མོང་གོལ་རྒྱལ་ཁབ་ཏུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བསྐྱོད་པ་དེས་ཀྲུང་མོང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གནོད་རྐྱེན་བཟོས་ཡོད། འོན་ཀྱང་མོང་གོལ་ཕྱོགས་ཀྱིས་དོན་དེའི་སྐོར་ལ་བསམ་ཞིབ་གཏིང་ཟབ་པོ་བྱས་ཏེ་ཏཱ་ལ་ལ་མོང་གོལ་དུ་ཕྱོགས་མྱུལ་ངན་འབྲེལ་བསྐྱར་དུ་ཡོང་མི་འཇུག་པ་སོགས་ཀྱི་གནད་དོན་སྐོར་ཡོངས་ཁྱབ་ཏུ་དམ་བཅའ་གསལ་པོར་བཞག་པ་རེད། མོང་གོལ་ཕྱོགས་ཀྱིས་བསླབ་བྱ་དང་ལེན་དང་ཁ་དན་ཚིག་ལ་གནས་པ་ནན་ཏན་བྱས་ཏེ་ཀྲུང་གོའི་ཕྱོགས་ཀྱི་དོ་ཁུར་གལ་ཆེན་བྱས་དོན་དང་སྲོག་ཤིང་ཁེ་ཕན་ལ་བརྩི་འཇོག་བྱས་ཏེ་ཀྲུང་མོང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་འབད་བརྩོན་ཏན་ཏིག་བྱ་རྒྱུའི་རེ་བ་བྱས་པ་རེད།
           ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་འབྲེལ་བ་དང་མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་གཏོང་རྒྱུའི་སྐོར་དགོངས་འཆར་བརྗེ་རེས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།