འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྨན་བཅོས་སྒྱུར་བཅོས་བྱས་པས་དམངས་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆའོ་ཐུང་གྲོང་རྡལ་གྱི་སྐྱོབ་གསོའི་དུད་ཚང་ཀྲང་ཀྲེན་ཁུའེ་འཇུ་ལམ་ནས་ཁྲག་དོན་པར་བརྟེན་སྨན་ཁང་དུ་སྡོད་དགོས་བྱུང་། འོན་ཀྱང་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་སྐབས་སྨན་བཅོས་འགན་ལེན་གྱི་གཱ་ཁོ་ན་ལས་དངུལ་སྐར་ལི་གཅིག་ཀྱང་བཏོན་དགོས་བྱུང་མེད། སྨན་ཁང་ནས་དོན་སྐབས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་སོགས་ནས་སྒོར་ཁྲི་1.26རྩིས་ཞུ་བྱས་པ་དང་རང་ཉིད་ཀྱིས་སྒོར་1400ལས་བཏོན་དགོས་བྱུང་མེད། མཚོ་སྔོན་དུ་ཁོང་དང་འདྲ་བའི་ནད་པ་ཁྲི་100ལྷག་ཙམ་ལ“སྔོན་ལ་སྨན་ཁང་དུ་སྡོད་པ་དང་དེ་རྗེས་སྨན་རིན་རྩིས་རྒྱག་པའི”ཕན་པ་ཐོབ་ཡོད།
           སྨན་བཅོས་སྒྱུར་བཅོས་ལོ་བདུན་ལག་བསྟར་བྱས་རིང་། མཚོ་སྔོན་གྱིས་ཚོད་ལྟ་འཚོལ་ཞིབ་དང་སྣ་གཅིག་ཚད་ལ་བརྒལ་བ་དེ་མ་ལག་ཆ་ཚང་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་བ་དང་། སྨན་བཅོས་འགན་ལེན་དང་། སྨན། སྨན་བཅོས་བཅས“སྨན་གསུམ”མཉམ་འགུལ་དང་། ནད་ཆེན་སྨན་བཅོས་འགན་བཅོལ། རིམ་དབྱེ་སྨན་བཅོས། “སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་པ”སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་དེ་དག་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
          གཞུང་བཙུགས་སྨན་ཁང་སྒྱུར་བཅོས་རྫོང་རིམ་པ་ནས་ཞིང་ཆེན་རིམ་པར་ཕྱོགས་ཡོངས་ནས་སྤེལ་བ།
          གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ནི་མཚོ་སྔོན་གྱིས་སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ཞིག་རེད། 2012ལོར་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་71ལ་ཕྱོགས་བསྡུས་སྒྱུར་བཅོས་བྱས་པ་དང་། 2015ལོར་གྲོང་ཁྱེར་དང་ཀྲོའུ་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ཕྱོགས་ཡོངས་ལ་ཁྱབ་པ། 2016ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་དང་དཔུང་སྡེ། དེ་བཞིན་ལས་རིགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་སྤེལ་བ་རེད།
         “གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་སྲོག་ཤིང་ནི་རིན་ཁྱད་པར་མེད་པའི་སྨན་འཚོང་བ་དང་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད” མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་ཧའོ་ཕུང་ཉིང་གིས་2016ལོའི་ཟླ་5ཚེས་1ཉིན་ནས་བཟུང་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་ཚང་མར་རིན་ཁྱད་པར་མེད་པའི་སྨན་ཕྱིར་ཚོང་གི་བྱེད་ཐབས་ལག་བསྟར་བྱས་ལུགས་སྐོར་བརྗོད་བྱུང་། མཚོ་ཤར་གྲོང་ཁྱེར་མཱ་ཁྲང་གྲོང་ཚོའི་ཝང་ཧྲུའུ་དབྱིང་ལ་ཕོ་ནད་ཕོག་པས་ཟླ་རེར་སྨན་སྣ་ཁ་ལྔ་ཙམ་ཟ་དགོས་ཀྱི་ཡོད། ཁོང་གིས“དེ་སྔ་དང་བསྡུར་ན་ད་ཆ་ཟླ་རེར་སྨན་སྒོར་300ཙམ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བརྗོད་བྱུང་།
         ཚོད་ལྟའི་རྨང་གཞིའི་ཐོག་2016ལོར་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་སྨན་བཅོས་དང་། གཤགས་བཅོས། ནད་སྐྱོང་སོགས་སྨན་བཅོས་ཞབས་ཞུའི་རིན་གོང་གི་ཚད་གཞི་མཐོ་རུ་བཏང་བ་དང་ཚོད་ལྟ་དང་བརྟག་དཔྱད་སོགས་ཀྱི་རིན་གོང་གི་ཚད་གཞི་དམའ་རུ་བཏང་བའི་ཐོག སྨན་བཅོས་ཞབས་ཞུའི་རྣམ་གྲངས་4049ནས་9714བར་མང་དུ་བཏང་བ་རེད། ན་ནིང་ཟླ་11ཚེས་10ཉིན་ནས་བཟུང་། མཚོ་སྔོན་རྒྱལ་ཡོངས་སུ་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་གསར་པ་ལག་བསྟར་བྱེད་མཁན་གྱི་ཞིང་ཆེན་དང་པོར་གྱུར་ཡོད་པ་རེད།
         སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་དངུལ་གཏོང་སྤྲོད་བྱེད་ཐབས་ལ་སྒྱུར་བཅོས་བྱས་ཏེ་ལུགས་དང་མི་མཐུན་པའི་སྨན་རིན་ཚོད་འཛིན་བྱས་པ།
         “སྨན་བཅོས་འགན་བཅོལ་གྱི་ལྟེ་བའི་གནད་དོན་ནི་སྨན་རིན་ཚོད་འཛིན་བྱ་རྒྱུ་དེ་རེད”ཧའོ་ཕུང་ཉིང་གིས་ལུགས་མཐུན་ངང་སྨན་རིན་ཚོད་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་གྲོས་མོལ་མཐུན་སྦྱོར་གླེང་མོལ་ལམ་སྲོལ་བཙུགས་པར་སྨན་རིན་མངོན་གསལ་དོད་པོས་ཆག་ཡོད་པ་རེད།
         “ང་ཚོས་སྨན་ཁང་དང་གྲོས་མོལ་མ་བྱས་གོང་། སྨན་ཁང་གི་གཞི་ཁྱོན་དང་། སྨན་ཁང་དུ་སྡོད་མཁན་གྱི་མི་གྲངས། ཡོང་འབབ་སོགས་དཔྱད་གཞིར་བྱས་ནས་ལོ་ལྟར་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་དངུལ་སྤྲོད་ཀྱི་ཡོད། སྨན་རིན་འཐོལ་པ་སྔ་རྟིང་གཏོང་མཁན་གྱི་སྨན་ཁང་སྒྲིག་གཞི་དང་དངུལ་གྲོན་ཆུང་བྱེད་མཁན་སྨན་བཅོས་ཚན་པར་བྱ་དགའ་སྤྲོད་པ་དང་གྲོན་ཆུང་བྱས་པའི་ཐེབས་རྩའི་དངུལ་སྨན་ཁང་རང་ཉིད་ལ་སྤྱོད་དུ་འཇུག་གི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཆིང་ཡོན་གྱིས་བརྗོད།
         མཚོ་སྔོན་གྱི་ས་གནས་ཁག་གིས་སྨན་རིན་སྤྲོད་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱིས་དངུལ་འབོར་ཚོད་འཛིན་ཕྱོགས་བསྡུས་དང་ཟུང་འབྲེལ་གྱིས་གྲངས་ངེས་དངུལ་སྤྲོད་དང་། ནད་ལ་གཞིགས་ནས་དངུལ་སྤྲོད། སྨན་ཁང་དུ་བསྡད་པའི་ཉིན་གྲངས་ལྟར་སྨན་རིན་སྤྲོད་པ་སོགས་ཕྱོགས་བསྡུས་མཇུག་རྩིས་བྱེད་ཐབས་ལག་བསྟར་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ནད་རིགས་ལ་གཞིགས་ནས་དངུལ་སྤྲོད་སྒྱུར་བཅོས་ལས་དོན་ལག་བསྟར་བྱེད་པ། མཚོ་ཤར་གྲོང་ཁྱེར་གྱིས་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་གྲངས་ངེས་དངུལ་སྤྲོད་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་གྲོན་དངུལ་ཐད་མི་གྲངས་ལ་གཞིགས་ནས་དངུལ་སྤྲོད་མཇུག་རྩིས་བྱེད་ཐབས་ལག་བསྟར་བྱེད།
          རིམ་དབྱེ་སྨན་བཅོས་བྱས་ཏེ་མང་ཚོགས་ཚོས་ནད་ལྟ་ཐུབ་པ་དང་ནད་ཡག་པོ་བཅོས་ཐུབ་པ་བྱས་པ།
          སྨན་ཁང་ཆེན་མོར་ནད་ལྟ་མཁན་མང་བ་དང་སྨན་ཁང་ཆུང་ཆུང་ལ་ནད་ལྟ་མཁན་ཉུང་བའི་སྣང་ཚུལ་ལ་དམིགས་ནས། མཚོ་སྔོན་གྱིས་རིམ་དབྱེ་སྨན་བཅོས་ལམ་ལུགས་ཁྱབ་གདལ་བཏང་སྟེ་མང་ཚོགས་རྣམས་ནད་ལྟ་ཐུབ་པ་དང་སྨན་བཅོས་ཡག་པོ་བྱེད་ཐུབ་པ་བྱས་པ་སྟེ། སྨན་ཁང་ཆེ་གྲས་ཀྱི་སྤུས་ལེགས་ཐོན་ཁུངས་སྤྱད་པ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་3འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་ཀྲོའུ་ཁག་ཏུ་ས་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་1ནས་2བར་བཙུགས་པ་དང་། གཞི་རིམ་སྨན་དོན་མི་སྣའི་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་སྟེ་གཞི་རིམ་ལ་མཁོ་ཆོད་སྨན་པ་170དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་དངོས་གཞིའི་ཚན་ཁག་ཡན་གྱི་གསོ་རིག་ཤེས་ལྡན་མི་སྣ་1900ལྷག་ཙམ་ཁ་གསབ་བྱས་པ་རེད།
          གྲངས་གཞི་ལས་མངོན་པར། མཚོ་སྔོན་ཞིང་ཆེན་གྱི་གྲོང་མི་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོ་དེ་2008ལོའི་33.01%ནས་2015ལོའི་23.61%བར་ཆག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་66%ནས་98%ཡན་བར་མཐོ་རུ་ཕྱིན་པ། སྲིད་ཇུས་ཁྱབ་ཁོངས་སུ་སྨན་ཁང་དུ་སྡོད་མཁན་གྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་37.7%ནས་78%བར་མཐོ་རུ་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།