འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་གནོད་སྐྱོན་བྱུང་བའི་མགྲོན་ཁང་ནང་རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་ཐ་ལིའི་གནོད་སྐྱོན་བྱུང་བའི་མགྲོན་ཁང་ནང་རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་24ཉིན། དབྱི་ཐ་ལི་རྒྱལ་ཁབ་ཏུ་གངས་ཉིལ་གྱི་རང་བྱུང་གནོད་འཚེ་བྱུང་ནས་ལི་ཀེ་ཕི་ཡཱ་ནོ་མགྲོན་ཁང་དེའི་འོག་ཏུ་ཚུད་པ་དང་། མྱུར་སྐྱོབ་ཀྱི་ལས་ཀ་སྔར་བཞིན་སྤེལ་གྱི་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་ཉིན་གུང་བར། རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ་དང་། དེ་མིན་མི་15གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
           ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཚེས་23ཉིན། མྱུར་སྐྱོབ་རུ་ཁག་གིས་གནོད་འཚེ་བྱུང་བའི་མགྲོན་ཁང་གི་ནང་དུ་འཛུལ་ནས་ཉིན་མཚན་མེད་པར་འཚོལ་ཞིབ་བྱས་མཐར། མགྲོན་ཁང་ནས་བེམ་རོ་10རྙེད་པས། གནོད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ་གཏན་འཁེལ་བྱས་པ་རེད།
           མྱུར་སྐྱོབ་བྱེད་ཡུན་ཉིན་ལྔ་འདས་ཀྱང་། མྱུར་སྐྱོབ་མི་སྣས་མགྲོན་ཁང་དུ་བཙས་ནས་ཟླ་གསུམ་ལས་མ་སོང་བའི་ཤ་ཁྱིའི་ཁྱི་ཕྲུག་གསུམ་རྙེད་པས། མྱུར་སྐྱོབ་པའི་བསམ་པར་མི་གཞན་པ་གསོན་རེ་ཞིག་བྱུང་བ་རེད།
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་དང་པོའི་ཚེས་18ཉིན། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཨ་པུ་ལུའུ་ཙུའོ་ས་ཁུལ་དུ་བསྟུད་མར་ས་ཡོམ་བརྒྱབ་པའི་དབང་གིས་གངས་ཉིལ་གྱི་གནོད་འཚེ་བྱུང་སྟེ་ལི་ཀེ་པི་ཡཱ་ནོ་མགྲོན་ཁང་རི་ངོས་ནས་སྨི་བརྒྱ་ཕྲག་གི་བར་དུ་འདེད་དེ་བརྡིབས་པ་བཟུང་། ད་ལྟར་མི་གྲངས་9མྱུར་སྐྱོབ་ཐུབ་ཡོད་ལ། དེ་མིན་མི་2ནི་མགྲོན་ཁང་ལ་གནོད་འཚེ་མ་བྱུང་གོང་ཕྱི་རོལ་ན་ཡོད་པས། ད་ལྟ་སྲོག་ཉེན་ལས་མཐར་མཁན་མི་11ཡོད་པ་རེད།
           ཨན་ཧྲ་གསར་འགྱུར་ཁང་གིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། མགྲོན་ཁང་གི་སྤྱི་གཉེར་པས་ས་ཡོམ་མ་བརྒྱབ་གོང་ལ། མྱུར་སྐྱོབ་སྡེ་ཁག་ལ་གློག་རྡུལ་འཕྲིན་ཡིག་བསྐུར་ནས་ཉིན་མང་པོར་གངས་བབས་ཏེ་རི་རྒྱ་བསྡམས་སྟབས། མགྲོན་ཁང་གི་འགྲུལ་པ་ཕྱིར་བགྲོད་ཐབས་མི་འདུག་པས། མྱུར་སྐྱོབ་མི་སྣ་ཡོང་ནས་གངས་སོགས་གཙང་སེལ་དང་འགྲོ་ལམ་བཤངས་རེ་བཏོན་ཡང་། མྱུར་སྐྱོབ་སྡེ་ཁག་གིས་ཁ་ཡ་མ་བྱས་པ་རེད། ས་ཡོམ་བྱུང་རྗེས། འགྲུལ་པ་ཚོ་དངངས་སྐྲག་སྐྱེས་ནས་ཕྱིར་ཐོན་རེ་འདོན་སྐབས། མགྲོན་ཁང་གི་སྤྱི་གཉེར་པས་སླར་མྱུར་སྐྱོབ་སྡེ་ཁག་ལ་འགྲུལ་པ་ཚོ་ཕྱིར་སྐྱེལ་རེ་ཞུས་ཀྱང་ཡ་ལན་བྱེད་མཁན་མ་བྱུང་བ་རེད། ས་ཡོམ་བརྒྱབ་ནས་ཆུ་ཚོད་འདས་རྗེས། གངས་ཉིལ་གྱི་གནོད་འཚེ་བྱུང་བ་རེད། ད་ལྟ། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་བདའ་འདེད་ཀྱི་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།
    ༄༅།།དབྱི་ཐ་ལིའི་གནོད་སྐྱོན་བྱུང་བའི་མགྲོན་ཁང་ནང་རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ།
    ༄༅།།དབྱི་ཐ་ལིའི་གནོད་སྐྱོན་བྱུང་བའི་མགྲོན་ཁང་ནང་རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ།
    ༄༅།།དབྱི་ཐ་ལིའི་གནོད་སྐྱོན་བྱུང་བའི་མགྲོན་ཁང་ནང་རྐྱེན་ལམ་དུ་ཤོར་བ་མི་གྲངས་14རུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།