འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྲོའུ་རུ་ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་གཞོན་ནུས་ཕ་ཡུལ་དུ་ལོག་སྟེ་ལས་
    གཏོད་བྱེད་པར་སྟོབས་ཤུགས་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2016ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་དྲུག་པར་ཐོག་སི་ཁྲོན་དཀར་མཛེས་ཀྲོའུ་ཡིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན“ཨ་རག་དང་། ཤ ཇ། ཤ་མོ། ཤིང་འབྲས། སྨན། ཆུ་(འོ་མ) སྔོ་ཚལ། འབྲུ་རིགས། ཡུལ་སྐོར་རིག་གནས”བཅས་ཁྱད་ལྡན་ཐོན་རྫས་ཆེ་གྲས་10ཡི་སྣ་ཁ་བརྒྱ་ལྷག་ཙམ་བཀྲམས་པར་སྐུ་མགྲོན་ཚོར་བག་ཆགས་ཟབ་མོ་བཞག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་དུས་མཚམས་གཉིས་པའི་སི་ཁྲོན་གྱི་ཞིང་ལས་དངོས་མང་སྟོན་ཚོགས་ཁོ་ནར། དཀར་མཛེས་ཀྲོའུ་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་112ཟིན་པ་དང་ཉོ་སྒྲུབ་དང་ཚོང་གཉེར་གྱི་མིང་རྟགས་བཀོད་པའི་ཡོང་འབབ་སྒོར་ཁྲི་407ཟིན་ཡོད་པ་རེད།
          ད་རེས་ཀྱི་དཀར་མཛེས་ཀྲོའུ་ཡི་འགྲེམས་སྟོན་ལ་ཞུགས་པའི་ཚོང་པའི་ཁྲོད་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ནང་སྐྱེས་ན་གཞོན་ཁག་གཅིག་མངོན་གསལ་དོད་པོ་ཡོད་དེ། ཞིང་ལས་དངོས་མང་སྟོན་ཚོགས་རིང་ཁོང་ཚོས་བྲེལ་འཚུབ་ཆེན་པོས་རི་མོ་དང་། སྒྲ་འོད་གློག་རྡུལ། དངོས་ཟོག་འགྲེམས་སྟོན། མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པར་བརྟེན་ནས། དཀར་མཛེས་ཀྲོའུ་ཡི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐད་གཞི་འཛིན་ས་མང་པོ་དང་ཕྱོགས་ཚང་མའི་ཐད་ནས་འགྲེམས་སྟོན་ཁྱབ་གདལ་བཏང་བ་མ་ཟད། ངང་རྒྱུད་རིང་པོས་བློ་འདྲི་བྱེད་མཁན་སྐུ་མགྲོན་ཚང་མར་གསལ་བཤད་ནན་ཏན་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། དེའི་ཁྲོད་ལོ་རབས་དགུ་བཅུ་པའི་ནང་སྐྱེས་འགྲེམས་ཚོགས་ལ་ཞུགས་མཁན་ཚོང་པ་དགའ་རོང་ཉི་མ་ནི། དཀར་མཛེས་ཀྲོའུ་རོང་བྲག་རྫོང་ཡ་ཁོ་གྲོང་ཚོའི་མི་ཡིན་པ་དང་། ཁྲེང་ཏུའུ་འགྲིམ་འགྲུལ་སློབ་ཆེན་གྱི་ཙུང་ཚའེ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཞིང་ལས་སྣེ་ཁྲིད་ཀྱི་དཔལ་འབྱོར་ལས་ཞུགས་བསླབ་གཞི་ཞིབ་འཇུག་ལ་གཞོལ་བ་མ་ཟད། ས་མཐོའི་སྣོད་བཅུད་ཐོན་རྫས་ཞིབ་སྤེལ་དང་ཕྱིར་ཚོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད། སྔ་ས་ནས་ཕྱི་ཕྱོགས་སུ་གླ་པར་བསྐྱོད་པའི་ཁོང་ལ་བྱ་གཞག་གསར་གཏོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། གོ་སྐབས་དང་སྟབས་ལེགས་པར་གྲོང་ཁྱེར་གྱི་སེམས་རྩ་འཁོལ་བའི་གྲོགས་པོ་མི་ཉུང་བ་ཞིག་ངོ་ཤེས། 2012ལོར་གྲོགས་པོའི་མ་དངུལ་གྱི་རོགས་རམ་འོག་ཁོང་ཕ་ཡུལ་དུ་ལོག་ནས་གྲོང་མི་བཅུ་ལྷག་དང་མཉམ་དུ་སི་ཐ་ན་མང་ཚོགས་སྣོད་བཅུད་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
          དེང་རབས་ཁྱིམ་ཚང་གི་སྤུས་ཀ་དག་པའི་བདེ་ཐང་འཚོ་བའི་དགོས་མཁོ་སྐོང་ཆེད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྣོད་བཅུད་འཚོ་བའི་འདུ་ཤེས་སྔོན་དུ་ནང་འདྲེན་བྱས་ཐོག2013ལོར་ཁོང་གིས་སླར་ཡང་སི་ཐ་ན་སྐྱིད་རས་ཅ་རུང་ཕྱིར་ཚོང་མཉམ་ལས་ཁང་བཙུགས་ནས་ས་མཐོའི་གདོད་མའི་བཟའ་བཅའི་རྒྱུ་ཆ་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་གཉེར་སྐྱོང་བཅས་ལ་གཞོལ་བ་དང་། ལོ་དེ་རང་དུ་ཁོང་གིས་སི་ཐ་ན་སན་ཆན་ཅི་སྣོད་བཅུད་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས། དཀར་མཛེས་ཀྲོའུ་ཡི་སྣོད་བཅུད་རིག་གནས་ཡུལ་སྐོར་དང་དེ་བཞིན་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱབ་གདལ་ལ་འབད་བརྩོན་ལྷོད་མེད་བྱས།
          མི་ལ་བརྩོན་འགྲུས་ཡོད་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། ཁོང་གིས་དཀར་མཛེས་ཀྲོའུ་ཡི་སྣོད་བཅུད་ཡུལ་སྐོར་ཁྱབ་གདལ་བཏང་བའི་རྐྱེན་གྱིས་མི་དེ་བས་མང་བར་གཡོ་འགུལ་ཐེབས་པ་རེད། 2015ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁོང“ཀྲུང་གོའི་གྲོང་གསེབ་ཡུལ་སྐོར་གྱི་ཕྱུག་འགྱུར་སྣེ་ཁྲིད་པ”ཐོག་མ་དེར་བདམས་པ་རེད།
         དཀར་མཛེས་ཀྲོའུ་ཡི་ཁྱད་ལྡན་ཞིང་ལས་ཡུལ་སྐོར་ཐོན་ཟོག་གསར་སྤེལ་དང་ཚོང་གཉེར་བྱེད་པའི་ཐད་དགའ་རོང་ཉི་མར་གཞན་ལ་མེད་པའི་མིག་རྒྱང་ལྡན་ཞིང་། གང་དུ་རིག་གནས་ཡུལ་སྐོར་རམ་ཞིང་ལས་ཡུལ་སྐོར་དང་འབྲེལ་བའི་མཐོ་རིམ་གླེང་སྟེགས་སྤེལ་བ་ཐོས་འཕྲལ། རིགས་ཁོངས་ཀྱི་སྣེ་ཁྲིད་པའི་ས་ནས་ཁོང་ཚོའི་ཉམས་མྱོང་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་སྲིད་པས། ལམ་ཐག་ལ་མ་འཛེམས་པར་བྱེད་སྒོར་ཞུགས་ཀྱི་ཡོད། དགའ་རོང་ཉི་མའི་ངོས་ནས་བརྗོད་ན། འདི་ལོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་དུས་མཚམས་གཉིས་པ་སྟེ། སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་ལ་དྲན་གསོའི་དོན་སྙིང་དམིགས་བསལ་ལྡན་ཡོད་དེ། དེ་ནི་ཁོང་གི་ཚོགས་པ་ཞིང་ལས་དངོས་མང་སྟོན་ཚོགས་ལ་ཞུགས་ཐེངས་དང་པོ་རེད་ལ། དུས་འགོའི་བྱེད་སྒོ་ཁག་ལ་ཡང་ཞུགས་པ་རེད།
         ལོ་རབས་90པའི་ནང་སྐྱེས་ལས་གཏོད་པ་ཞིག་གི་ངོས་ནས་བོད་རིགས་ན་གཞོན་དགའ་རོང་ཉི་མས་ཐུན་མིན་གྱི་འཕེལ་རྒྱས་མིག་རྒྱང་ལ་བརྟེན་ནས་དཀར་མཛེས་ཀྲོའུ་ཡི་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་དང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ། འབྲོག་ལས་དང་ཡུལ་སྐོར་ཟུང་འབྲེལ་བཅས་ཀྱི་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱེད་ཕྱིར་འབད་པ་ལྷོད་མེད་བྱས་ཏེ། རང་ཉིད་ཀྱི་ཚོགས་པའི་སྣེ་ཁྲིད་ནས་མུ་མཐུད་མདུན་ཕྱོགས་སུ་བསྐྱོད། བགྲང་བྱ་དེ་དག་རིང་དཀའ་སྤྱད་འབད་བརྩོན་བྱས་པར་ཕྱིར་མིག་ལྟ་སྐབས། དགའ་རོང་ཉི་མས་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་འགྱོད་པ་མེད་ལ། རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་དཀར་མཛེས་ཀྲོའུ་ཡི་ལས་གཏོད་བྱེད་འདོད་ཡོད་པའི་ན་གཞོན་དེ་བས་མང་བའི་སྣེ་ཁྲིད་ནས་ཚང་མ་མཉམ་དུ་ཕྱིར་བསྐྱོད་དེ“དག་ཞིང་དཀར་མཛེས”ཀྱི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ལྷན་དུ་གཏོད་ཕྱིར་འབད་བརྩོན་བྱེད་འདོད་ཡོད་ཅེས་ཤོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།