འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་གར་སྟེགས་ཆེན་པོ། གྲོང་ཁྱེར་ཆུང་ངུ་རེ་ནེ་ཝ།

    ཝང་ཡོན་གྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལེའེ་མོང་མཚེའུའི་ཐོག་གི་རེ་ནེ་ཝ་གྱེན་འཕྱུར་ཆུ་མིག་ཡིན་པ།
    ལེའེ་མོང་མཚེའུའི་ཐོག་གི་རེ་ནེ་ཝ་གྱེན་འཕྱུར་ཆུ་མིག་ཡིན་པ།
          སུའེ་ཙེར་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་དང་རེ་ནེ་ཝ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཆ་ནས་རེ་ནེ་ཝར་མི་འབོར་ཁྲི་20ཙམ་ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་16ཙམ་ཡོད། དེ་ནི་མི་རྣམས་ཀྱིས་དོ་སྣང་དེ་ཙམ་མི་བྱེད་པའི་གྲོང་ཁྱེར་ཆུང་ངུ་ཞིག་ཡིན་མོད། འོན་ཀྱང་འཛམ་གླིང་གར་སྟེགས་ཐོག་སྐད་གྲགས་ཆེན་པོ་ཡོད་ཅིང་། དུས་རབས་གཅིག་ལྷག་ཙམ་ཚུན་དུ་རེ་ནེ་ཝར་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་དང་། ཕྱི་འབྲེལ་ཕོ་ཉའི་ཚོགས་པ། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་བརྒྱ་ལྷག་ཙམ་ཟིན་ནས“གྲོང་ཁྱེར་ཆུང་ངུ”དེར“ཆེས་ཆུང་ཤོས་ཀྱི་གྲོང་ཁྱེར་ཆེན་པོ”དང“རྒྱལ་སྤྱིའི་རེ་ནེ་ཝ”ཞེས་པའི་མཚན་སྙན་ཐོབ་སྟེ་གོ་ལ་ཧྲིལ་པོས་དོ་ཁུར་བྱེད་པའི་ས་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
         ཕྱོགས་མང་ཕྱི་འབྲེལ་ཐད་བཀྲག་མདངས་རབ་ཏུ་འཚེར་བ།
          རེ་ནེ་ཝ་གྲོང་ཁྱེར་བྱང་འདབས་ཀྱི་སྔོ་ལྗང་གིས་བསྐོར་བའི་ཨའེ་ལེ་ཡ་ནཱ་སྤྱི་གླིང་དུ་ཕོ་བྲང་རྣམ་པའི་འཛུགས་སྐྲུན་མང་པོ་ཆགས་ཡོད་པ་དག་བརྗིད་ཉམས་ལྡན་པ་ཞིག་ཡོད་པ་དང་དེ་ནི“རྒྱལ་ཁྲིའི་ཕོ་བྲང”ཞེས་གྲགས་པའི་མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་དོན་གཅོད་ཁྲུའུ་རེད། དེ་ཁུལ་ནི་ཨ་རིའི་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཕུད་པའི་གཞི་ཁྱོན་ཆེ་ཤོས་ཀྱི་དོན་གཅོད་ཁྲུའུ་ཡིན་ལ་དེ་སྔོན་འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་བཙུགས་པའི“རྒྱལ་སྤྱིའི་མནའ་འབྲེལ”གྱི་སྤྱི་ཁྱབ་པུའུ་གནས་ཡུལ་ཡིན་པ་དང་དེས་འཛམ་གླིང་ཕྱི་འབྲེལ་གྱི་འགྱུར་ལྡོག་མང་བའི་གནས་ཚུལ་གྱི་དཔང་པོ་བྱས་ཡོད་ལ་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་རྨད་དུ་བྱུང་བའི་ཉམས་འགྱུར་གྱི་དཔང་པོ་དེ་བས་བྱས་ཡོད།
          1954ལོའི་ཟླ་4པར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཀྲོའུ་ཨེན་ལེ་རེ་ནེ་ཝའི་ཚོགས་འདུ་འཚོག་ཡུལ་དུ་ཕེབས་པ་དང་། ཁོང་གིས་ཚབ་གནང་བའི་ཀྲུང་གོ་གསར་པ་རྒྱལ་ཁབ་ཆེན་པོ་ལྔའི་གྲས་ཤིག་ཡིན་པའི་གནས་བབ་ཀྱི་ཐོག་ནས་ཕྱོགས་མང་རྒྱལ་སྤྱིའི་ཚོགས་འདུར་ཞུགས་པ་དང་འབྲེལ་ཕུལ་དུ་བྱུང་བའི་མཚོན་ཚུལ་གྱི་ཐོག་ནས་ཀྲུང་གོའི་ཕྱི་འབྲེལ་འབྲེལ་བའི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད།
         ཁྲའོ་ཞན་གྱི་གནད་དོན་ཐག་གཅོད་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱེད་གླིང་གི་ཞི་བདེ་སླར་གསོ་ཡོང་བ་བྱེད་པའི་གནད་དོན་སྐོར་ལ་རེ་ནེ་ཝའི་ཚོགས་འདུའི་ཐོག་མ་ལ་སུང་རྣམ་པའི་གྲོས་མོལ་བྱས་པ་ཐེངས་འགའ་དཀའ་གནད་ཀྱི་གནས་སུ་གྱར་བ་དང་། ཀྲོའུ་ཙུང་ལིས་རྐྱེན་ངན་འགོག་གང་ཐུབ་གནང་སྟེ་ཚོགས་འདུ་འཚོག་མ་ཐུབ་པར་གྱུར་པའི་འགག་རྩའི་དུས་སུ་ཚོགས་འདུའི་འཕེལ་རིམ་ལ་གཙོ་ཁྲིད་ཧུར་ཐག་གནང་བས་ཀྲུང་གོས་ཞི་བདེ་དངོས་འབྲེལ་ཡོང་བ་བྱེད་པའི་རེ་འདུན་གང་ལེགས་མངོན་པ་དང་ལུགས་དང་མཐུན་ལ་གནད་ལ་འཁེལ་བའི་དབྱེ་ཞིབ་གནང་ནས་ཀུན་གྱི་ཡིད་དབང་འགུག་ཐབས་གནང་བས་ཕྱོགས་ཁག་གི་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་ཡོད།
         མཇུག་ཏུ་ཁྲའོ་ཞན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲོའུ་ཙུང་ལིས་སྐད་ཆ་དུམ་བུ་གཉིས་ཀྱི་གྲོས་ཆོད་འཆར་ཟིན་བཏོན་གནང་སྟེ་གཅིག་ནས་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་མུ་མཐུད་ཁྲའོ་ཞན་གྱི་གནད་དོན་ཞི་བའི་ངང་ཐག་གཅོད་བྱེད་ཆེད་འབད་བརྩོན་བྱེད་དགོས་པའི་འདོད་འདུན་མཚོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། གཉིས་ནས་གྲོས་མོལ་སླར་གསོའི་དུས་ཚོད་དང་། ས་ཆ་ཟུར་དུ་གྲོས་བསྡུར་གཏན་འཁེལ་བྱེད་དགོས་པ་དེ་ཡིན། “རེ་ནེ་ཝའི་ཚོགས་ཞུགས་རྒྱལ་ཁབ་དབར་གྲོས་མཐུན་འཇོག་དགོས་པ་དང་། ཁོང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་གཅིག་གྱུར་དང་། རང་བཙན། དམངས་གཙོ་བཅས་ཀྱི་ཁྲའོ་ཞན་རྒྱལ་ཁབ་བཙུགས་པའི་རྨང་གཞིའི་ཐོག་ཁྲའོ་ཞན་གྱི་གནད་དོན་ཞི་བའི་ངང་ཐག་གཅོད་བྱེད་པའི་གྲོས་མཐུན་འཇོག་དགོས། འོས་འཚམ་གྱི་གྲོས་མོལ་དུས་ཚོད་དང་ས་ཆའི་སྐོར་གྱི་གནད་དོན་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཟུར་དུ་ཞིབ་བཤེར་གཏན་འབེབས་བྱེད་དགོས”ཞེས་གྲོས་འགོ་དེ་བཏོན་མ་ཐག་པེར་ཀྲེམ་གྱི་ཕྱི་འབྲེལ་པུའུ་ཀྲང་སི་པ་ཁེའི་མོས་མཐུན་ཐོབ་པ་དང་། སུའུ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་མོ་ལུའོ་ཐོ་ཕུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཨའེ་ཏེང་གིས་ཀྱང“བསམ་གཞིག་ནན་ཏན་བྱེད་འོས་པ་འདུག”ཅེས་གདེང་འཇོག་གནང་ཡོད། གྲོས་གཞི་དེ་མཐར་ཨ་རིའི་འཐུས་མིའི་ལུགས་དང་མི་མཐུན་པའི་འགོག་རྐྱེན་གྱིས་རྐྱེན་པས་གྲོས་མཐུན་འཇོག་ཐུབ་མེད་མོད། འོན་ཀྱང་ཀྲུང་གོའི་ཕྱི་འབྲེལ་མཁས་ཅན་གྱི་ཞི་བདེའི་ཕོ་ཉའི་གཟུགས་བརྙན“འཛམ་གླིང་གི་གྲོས་མོལ་སྒྲོག་ཙེའི”ཐོག་འཁོད་ཡོད།
         ལོ་རྒྱུས་ཀྱི་འོད་སྟོང་ད་ཆའི་བར་དུ་འཕྲོས།
         དུས་ཚོད་ཡུད་ཙམ་ཞིག་ལ་འདས་པ་དང་། ད་ཆའི་རེ་ནེ་ཝ་འདི་ཉིད་རྒྱལ་སྤྱིའི་རྩ་འཛུགས་20ལྷག་ཙམ་གྱི་སྤྱི་ཁྱབ་པུའུ་ཡིན་པ་དང་། སྲིད་གཞུང་མིན་པའི་རྩ་འཛུགས་250དང་། རྒྱུན་སྡོད་འཐུས་མི་ཚོགས་པ་170 མཐུན་ཚོགས་དང་ཐེབས་རྩ་ལྷན་ཚོགས་བརྒྱ་ཙམ། ཕྱི་རྒྱལ་གྱི་དངུལ་ཁང་བརྒྱ་ཙམ་སོགས་ཡོད་པ་དང་། དེ་ཁུལ་གྱི་གྲོང་མི་40%ཙམ་ནི་ཕྱི་རྒྱལ་བ་ཡིན་པ་དང་རྒྱལ་ཁབ་180ལྷག་ཙམ་ནས་ཡོང་བ་ཞིག་རེད། ཧ་ཅང་མང་བའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྒྲིག་གཞི་དང་བསྡུར་ཚད་མཐོ་བའི་ཕྱི་རྒྱལ་གྱི་མི་འབོར་གྱིས་རེ་ནེ་ཝ་འདི་ཉིད་དོན་ངོ་མའི་རྒྱལ་སྤྱིའི་གྲོང་ཁྱེར་ཞིག་ཏུ་གྱུར་ནས་ཉིན་ལྟར་ཚོགས་འདུ་དང་གྲོས་མོལ་ཐེངས་མང་བྱེད་ཀྱི་ཡོད། རྒྱས་སྐྲུན་ཐེངས་འགའ་བྱས་པའི་རྒྱལ་ཁྲིའི་ཕོ་བྲང་ནང་ལོ་ལྟར་འཚོགས་པའི་ཚོགས་འདུ་ཐེངས་ཁྲི་གཅིག་ལྷག་ཙམ་ཟིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་193དང་། ལྟ་ཞིབ་པའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་དང་དེ་བཞིན་ཆེད་དོན་སྒྲིག་གཞི་མང་པོས་འཛམ་གླིང་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་དབུལ་ཕོངས་མེད་པ་བཟོ་བའི་ལས་ལ་གཞོལ་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།