འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་ལིམ་ཕིག་གི་རྒྱལ་ས།

    རེན་ཡན་གྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ལུས་རྩལ་ཁང་དུ་མ་གཏོགས་མེ་འཁོར་བབས་ཚུགས་སུ་ཨ་ལོང་ལྔ་འབྲེལ་གྱི་ཨོ་རྩལ་མཚོན་རྟགས་སྦྱར་བ་ཧ་ཅང་ཉུང་། འོན་ཀྱང་སུའེ་ཙེར་གྱི་ལོའོ་སང་མེ་འཁོར་བབས་ཚུགས་ཀྱི་འཛུལ་སྒོར་མཚོན་མདོག་རྣམ་པར་བཀྲ་བའི་ཨ་ལོང་ལྔ་འབྲེལ་གྱི་ཨོ་རྩལ་མཚོན་རྟགས་མཐོང་རྒྱུ་ཡོད། གྲོང་ཁྱེར་ལྟེ་བའི་མེ་འཁོར་བབས་ཚུགས་འདི་ནི་ལོའོ་སང་གི་ས་ཆའི་མཚོན་རྟགས་གྲས་ཤིག་རེད་ལ། འདི་ཁུལ་གྱི་ཨོ་རྩལ་མཚོན་རྟགས་ཨ་ལོང་ལྔ་འབྲེལ་དེ་མེ་འཁོར་བབས་ཚུགས་ཀྱི་དམིགས་བསལ་ནུས་པ་མཚོན་པ་ཞིག་མ་ཡིན་པར། གྲོང་ཁྱེར་འདིའི་དམིགས་བསལ་ཐོབ་ཐང་མཚོན་གྱི་ཡོད། ཨ་ལོང་ལྔ་འབྲེལ་གྱི་མཚོན་རྟགས་དེའི་འོག་ཏུ་ཧྥ་རན་སེའི་ཡི་གེའི་ཐོག་ནས་ལོའོ་སང་སྟེ། ཨོ་ལིམ་ཕིག་གི་རྒྱལ་ས་ཞེས་མངོན་གསལ་དོད་པོས་བྲིས་ཡོད།
           ལོའོ་སང་གི་ཡུལ་ལྗོངས་ངོ་མཚར་ཆེ་བ་མ་ཟད། ཡོ་རོབ་ཀྱི་རིག་གནས་རྣམ་པ་ཟབ་པའི་ལོ་རྒྱུས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་རེད་དེ། འཛམ་གླིང་དུ་སྐད་གྲགས་ཆོད་པའི་རྩོམ་རིག་མཁས་དབང་པའེ་ལུན་དང་། ལུའུ་སུའོ། ཡུས་གོ ཏི་ཀེང་སི་སོགས་འདི་ཁུལ་དུ་འཚོ་བ་སྐྱེལ་མྱོང་ཡོད། འོན་ཀྱང་ལོའོ་སང་གི་སྐོར་ཤོད་སྐབས་གྲོང་ཁྱེར་འདིའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་མིང་གྲགས་མང་པོ་མི་གླེང་བར། ག་དུས་ཡིན་ཡང་ཨོ་ལིམ་ཕིག་ལུས་རྩལ་གྱི་འབྲེལ་བ་གླེང་བར་དགའ་བས་འཇུག
         1894ལོར་ཧྥ་རན་སེའི་གྲོང་ཁྱེར་ཕ་རི་སིར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། 1914ལོར་འཛམ་གླིང་དམག་ཆེན་དང་པོ་ལངས་པ་དང་སུའེ་ཙེར་བར་གནས་རྒྱལ་ཁབ་ཡིན་པས། ལོ་རྒྱུས་དཔྱད་ཡིག་དང་ཡིག་ཚགས་རྩ་ཆེན་དག་ལ་དམག་འཁྲུག་གི་གནོད་འཚེ་མི་ཕོག་པའི་སླད་དུ་1915ལོའི་ཟླ་4ཚེས་10ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་ལོའོ་སང་དུ་སྤོས། 1982ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ལོའོ་སང་དེ“ཨོ་ལིམ་ཕིག་གྲོང་ཁྱེར”དུ་ཁྱབ་བསྒྲགས་བྱས་པ་དང་། 1993ལོའི་ཟླ་12ཚེས་5ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་སླར་ཡང་ལོའོ་སང་དེ“ཨོ་ལིམ་ཕིག་གི་རྒྱལ་སར”རིམ་སྤོར་བྱས།
         སྨྱུག་འཛིན་པ་རི་གྲོང་དེར་འཆམ་འཆམ་དུ་སྐྱོད་སྐབས་ག་ས་གང་ནས“ཨོ་ལིམ་ཕིག་གི་རྒྱལ་སའི”རྣམ་པ་མྱོང་ཚོར་བྱེད་ཐུབ་སྟེ། ཁྲོམ་གཞུང་གི་གང་སར་ཨོ་ལིམ་ཕིག་གི་མཚོན་རྟགས་ཨ་ལོང་ལྔ་འབྲེལ་མཐོང་ཐུབ་པ་དང་། “དེང་རབས་ཨོ་ལིམ་ཕིག་གི་སྲོལ་འབྱེད་པ”ཀུའུ་པའེ་ཏན་གྱི་མཚན་བཏགས་པའི་ཁྲོམ་གཞུང་དང་ལུས་རྩལ་སྦྱོང་བརྡར་གྱི་བརྐོས་གཟུགས་སྣ་ཚོགས་ཀྱང་ཡོད་པ་དེ་དག་གི་ཁྲོད་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་ནི་ཨོ་ལིམ་ཕིག་རྟེན་རྫས་བཤམས་མཛོད་ཁང་ཡིན་པ་རེད།
         ལེའེ་མོང་མཚེའུའི་འགྲམ་དུ་ཡོད་པའི་ཨོ་ལིམ་ཕིག་རྟེན་རྫས་བཤམས་མཛོད་ཁང་དེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་སྤྱི་ཁྱབ་པུའི་འཁྲིས་སུ་གནས་ཡོད་ལ། ཕྱོགས་བཞིར་ཨོ་ལིམ་ཕིག་སྤྱི་གླིང་གིས་བསྐོར་ཡོད། རྟེན་རྫས་བཤམས་མཛོད་ཁང་གི་བཟོ་བཀོད་ཧྲིལ་པོ་དཀར་རྐྱང་ཡིན་པ་དེས་ཞི་བདེ་དང་གཞུང་དྲང་གི་འགྲན་རྩོད་མཚོན་གྱི་ཡོད། དེ་དག་ལས་ཀ་བ་གཉིས་ཀྱི་སྟེང་སྐབས་རིམ་བྱུང་གི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འཚོགས་ལོ་དང་གཙོ་གཉེར་བྱེད་མཁན་རྒྱལ་ཁབ་དང་གྲོང་ཁྱེར་གྱི་མིང་འཁོད་ཡོད་པ་ལས“ཀྲུང་གོའི་པེ་ཅིང་2008”ཞེས་པ་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་རེད།
         རྟེན་རྫས་བཤམས་མཛོད་ཁང་ནང་དུ། སྤྱི་ལོའི་སྔོན་གྱི་ལོ་776ལ་སྐབས་དང་པོའི་གནའ་རབས་ཨོ་རྩལ་འགྲན་ཚོགས་འཚོགས་ཡུལ་ཨོ་ལིམ་ཕིག་ཡཱ་རིའི་དཔེ་གཟུགས་མཐོང་ཐུབ་པ་མ་ཟད། ད་དུང་སྐབས་དང་པོའི་དེང་རབས་ཨོ་རྩལ་འགྲན་ཚོགས་ཀྱི་དྲན་གསོའི་གསེར་ཊཾ་ཡང་མཐོང་ཐུབ། རྟེན་རྫས་བཤམས་མཛོད་ཁང་ནང་དུ་ཀུའུ་པའེ་ཏན་གྱི་སྐུ་པར་དང་གསུང་རྩོམ་སོགས་ལོ་རྒྱུས་ཀྱི་དཔྱད་གཞི་རྩ་ཆེན་བཤམས་ཡོད་པ་མ་ཟད། ད་དུང་1936ལོ་ཚུན་གྱི་སྐབས་རིམ་བྱུང་གི་ཨོ་རྩལ་འགྲན་ཚོགས་ཐོག་བེད་སྤྱོད་བཏང་མྱོང་བའི་དཔལ་འབར་ཡང་ཉར་ཡོད་པ་རེད། རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་ཨོ་རྩལ་འགྲན་ཚོགས་ཀྱི་འཕེལ་རྒྱས་ལོ་རྒྱུས་མཚོན་པའི་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་དེ་ཡིན་པས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་དཔྱད་གཞི་ཆ་ཚང་ཡོད་པ་རེད།
         རྟེན་རྫས་བཤམས་མཛོད་ཁང་ནས་ཐོན་སྐབས་ས་རུབ་ལ་ཉེ་བ་དང་། ནམ་མཁའི་དབྱིངས་ནས་ལྷབ་ལྷུབ་ཏུ་བབས་པའི་ཁ་བའི་འདབ་མ་རྟེན་རྫས་བཤམས་མཛོད་ཁང་མདུན་གྱི་ཚེ་འབར་མེ་དང་འཕྲད་ཙམ་གྱིས་ཡོངས་སུ་བཞུར། ཚེ་འབར་མེ་དེའི་མིང་ལ་ཨོ་ལིམ་ཕིག་ཚེ་འབར་མེ་ཟེར་ཅིང་། ལོ་འཁོར་མོ་ཡུག་ཏུ་འབར་ནས་ནམ་ཡང་གཟིམ་པ་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།