འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ཚྭ་ཟམ་རིང་མོར”བཅའ་སྡོད་བྱས་ནས་མཁའ་ལམ་གྱི་དཔྱིད་འདྲེན་སྲུང་།

    ཝང་ཅིན་ཐའོ་དང་མཱ་ཝུན་གྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མཚོ་བོད་ལྕགས་ལམ་ཀུང་སི་གོར་མོའི་བདག་སྐྱོང་དུམ་བུའི་སྟག་བུ་ཤུན་ལམ་ཐིག་བདག་བུ་ཁུལ་ནི་མཚོ་བོད་ས་མཐོའི་ཚྭ་མཚོ་དཀར་མོའི་བྱང་ཤར་གྱི་ཉེ་རིང་ཀུན་ཏུ་སྐད་གྲགས་ཆོད་པའི“ཚྭ་ཟམ་རིང་མོར”གནས་ཡོད་ལ། དེ་གའི་ས་བབ་སྨི་3000ལ་ཉེ་ཞིང་། གནམ་གཤིས་སྐམ་ཤས་ཆེ་བ་དང་། ཚྭ་མེད་ཆུ་དཀོན་པ། དུས་བཞིར་བ་ཚྭའི་རླུང་འཚུབ་ཆེ་ཞིང་། མཐའ་འཁོར་ནི་རྩི་ཤིང་གཅིག་ཀྱང་མི་སྐྱེ་བའི་བ་ཚྭ་ཅན་གྱི་ཁོར་ཡུག་ཡིན་པས། ས་གནས་དེ་གའི་སོག་རིགས་ཚོས“གཤིན་རྗེའི་འཕྲང་ལམ”ཡང་ན་“རྒྱ་མཚོ་དཀར་པོ”ཞེས་བརྗོད་ཀྱི་ཡོད་པ་དང་། མཚོ་བོད་ལྕགས་ལམ་ནི་བ་ཚྭ་མཐུག་པོ་དེའི་ཐོག་ནས་རྒྱང་རིང་དུ་ཁྲིད་ཡོད་པ་རེད།
          སྟག་བུ་ཤུན་ལམ་ཐིག་བདག་སྐྱོང་ཁུལ་གྱིས་མཚོ་བོད་ལྕགས་ལམ་གྱི་རིང་ཚད་སྤྱི་ལེ་52དང་། ལྕགས་ལམ་སྒྱུར་མཚམས་5ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་18བཅས་ཀྱི་ཉམས་བཟོ་དང་བདག་སྐྱོང་འགན་འཁྲི་འཁུར་བཞིན་ཡོད། འདི་ལོར་ལོ་52ལ་སླེབས་པའི་སོག་རིགས་རྒན་པོ་ཁྲ་ཧན་དཔའ་ཐར་ནི་བདག་སྐྱོང་ཁུལ་དེའི་བདག་སྐྱོང་དཔོན་གཞོན་པ་ཡིན་ལ། ཁོང་གིས་1984ལོར་མཚོ་བོད་ལྕགས་ལམ་ཟི་གོར་དུམ་བུ་(ཟི་ལིང་ནས་གོར་མོའི་དབར་གྱི་ལམ་དུམ)ཤར་གཏོང་ཐུབ་པ་ནས་ད་ལྟའི་བར་ཏེ་བདག་སྐྱོང་ཁུལ་བཙུགས་ནས་ལོ་33ཕྱིན་རིང་དེ་གར་ལས་ཀ་བྱས་པ་དང་། འདི་ལོ་ནི་ཁོང་གིས་སྲུང་བའི་དཔྱིད་འདྲེན་ཐེངས་སོ་གསུམ་པ་དེ་རེད།
         “དེ་རིང་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ཡིན་པས་ཞོགས་པའི་ལས་སྒྲུབ་དུས་ཡུན་ནི་ཆུ་ཚོད་8ནས་9པ་བར་ཡིན་ལ། ལས་འགན་ནི་K737—K742སྟོད་དམས་ཁུལ་དབར་གྱི་འགོ་ཚུགས་ལམ་དང་། ཁ་སྒྱུར་ལམ། ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་སོགས་གཙང་ཕྱགས་བྱས་ནས་འཇམ་རྩི་བླུག་རྒྱུ་དེ་རེད”ཞེས་ཁོངགིས་བརྗོད་པ་དང་། ཟླ་1ཚེས་13ཉིན་གྱི་ཆུ་ཚོད་7དང་སྐར་མ་50ལ་ཁྲ་ཧན་དཔའ་ཐར་གྱིས་བཟོ་གྲོགས་13ཁྲིད་དེ་ལས་ཡུལ་དུ་བསྐྱོད་ནས་ཉིན་དེའི་ཞོགས་པའི་ཉམས་བཟོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།
         “ཆུ་ཚོད་8དང་སྐར་མ་30ལ་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་9—20ཡི་འགོག་སྲུང་རྒྱུན་གཏན་རེད”ཅེས་བརྡ་གཏོང་བཞིན་ས་གནས་ས་ཐོག་ཏུ་འགོག་སྲུང་བ་ནོར་བུ་ཚེ་རིང་གིས་རྒྱུན་ཆད་མེད་པར་མཉམ་འབྲེལ་ཚོད་འཛིན་ལས་དོན་སྒྲུབ་པ་དང་། “སྐར་མ་3ནས་5ཕྱིན་རྗེས་ས་ཚིགས་ཀྱི་བཅའ་སྡོད་འགོག་སྲུང་བ་དང་འབྲེལ་གཏུག་བྱས་ནས་བར་ཁོངས་ཀྱི་མེ་འཁོར་འཁོར་སྐྱོད་གནས་ཚུལ་ཁོང་དུ་ཆུད་པར་བྱེད་དགོས། ངའི་འགན་འཁྲི་ནི་མི་རེ་ངོ་རེའི་མི་ལུས་བདེ་ཐང་འགན་ལེན་བྱ་རྒྱུ་དེ་ཡིན”ཞེས་ཕ་ཡུལ་བོད་ལྗོངས་ནག་ཆུ་ནས་ཡིན་པའི་བོད་རིགས་ཕོ་གསར་ཁོང་གིས་ལྕགས་ལམ་སློབ་གླིང་ནས་ཐོན་ནས་འདི་གར་ལས་ཀ་བྱས་ཏེ་ལོ་3ཕྱིན་ལ། ད་ཆ་བདག་སྐྱོང་ཁུལ་གྱི་རྐང་འཛིན་ལག་རྩལ་པར་འགྱུར་བཞིན་ཡོད།
          མཚོ་བོད་ལྕགས་ལམ་གྱི་ལམ་ཚིགས་མང་ཆེ་བ་མཐོ་གྲང་དང་། གསོ་རླུང་དཀོན་པ། བྱེ་རླུང་དྲག་པོ་བཅས་ཀྱི་ས་ཁོངས་སུ་གནས་པ་དང་ལྷག་པར་ཏུ་སྟག་བུཤུན་ལམ་བུའི་བདག་སྐྱོང་ཁུལ་ས་མཐོའི་བ་ཚྭའི་ས་ཆར་གནས་ཡོད་པས། ཚྭ་རྡུལ་དང་བ་ཚྭའི་རླུང་བུས་ལྕགས་ལམ་གྱི་ལམ་གཞི་དང་ལྕགས་ལམ་དང་སྦྲེལ་མཐུད་ལྷུ་ལག་སོགས་སྒྲིག་བཀོད་ལ་སྐྱོན་བཏང་ནས་དེ་ཁུལ་གྱི་ལྕགས་ལམ་རྙིང་འགྱུར་དང་འཕྲོ་བརླག་འགྲོ་བའི་དུས་ཚོད་ལམ་ཚིགས་དུམ་བུ་གཞན་ལས་མགྱོགས་པ་ཡོད། གཞན་ཡང་། བྱེ་མའི་གནོད་འཚེ་དང་། ཚྭ་སའི་ལམ་གཞི། དྲོད་ཚད་དམའ་བས་ལྕགས་ལམ་གས་པ་སོགས་ཀྱི་གནོད་འཚེའི་རྐྱེན་གྱིས་བདག་སྐྱོང་ཁུལ་གྱི་ལས་བཟོའི་ངལ་རྩོལ་ཤུགས་ཚད་དང་ལས་ཐེངས་མང་དུ་ཤུགས་ཆེར་ཕྱིན་ཁར། རིང་ཐུང་གཅིག་པའི་ལྕགས་ལམ་ཉམས་བཟོ་བྱེད་པར་སྟག་བུ་ཤུན་ལམ་བུའི་བདག་སྐྱོང་ཁུལ་གྱི་ལས་བཟོས་མྱངས་པའི་དཀའ་ཚེགས་དང་ལས་འབོར་ནི་ལམ་བུ་གཞན་གྱི་བདག་སྐྱོང་ཁུལ་གྱི་ལྡབ་འགའ་རེད།
         བགྲང་བྱ་33རིང་། ཁྲ་ཧན་དཔའ་ཐར་དང་ལས་རོགས་ཚོའི་བདག་སྐྱོང་ཁུལ་དུ་སྡོད་པའི་དུས་ཚོད་དེ་ནང་མི་དང་མཉམ་དུ་སྡོད་པ་ལས་རིང་ཞིང་། ཁོང་ཚོས་བདག་སྐྱོང་ཁུལ་རང་ཁྱིམ་གཉིས་པར་བརྩི་བ་དང་ལས་ཀ་ནང་ལས་ལ་བརྩིས་ནས་ཧུར་ཐག་གིས་སྒྲུབ་ཀྱི་ཡོད་པས། ཁོངས་གཏོགས་ཁུལ་གྱི་ལམ་བུའི་སྒྲིག་བཀོད་ཀྱི་སྤུས་ཚད་100%རྒྱུན་འཁྱོངས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།