འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་བོད་ཀྱི་སློབ་གསོའི་ཐད་100%ལྔ་མངོན་འགྱུར་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2017ལོར་བོད་ཀྱིས“སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོར་གཏོང་གི་ལོ་བཅུའི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་། དུས་ཐེངས་གསུམ་པའི“སློབ་ཞུགས་གོང་གི་སློབ་གསོའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱེད་འགོ་འཛུགས་རྒྱུ། རྒྱལ་ཁབ་ཀྱི་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་མུ་མཐུད་བྱ་རྒྱུ། ས་བབ་མཐོ་བའི་མཐོ་གྲང་ས་ཁུལ་གྱི་སློབ་གྲྭའི་དྲོད་འདོན་ལས་གྲྭ་སོགས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་འགོ་འཛུགས་པ་བཅས་བྱས་ནས་སློབ་གསོ་སློབ་ཁྲིད་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
             2016ལོར་བོད་རང་སྐྱོང་ལྗོངས་ཀྱིས་སློབ་གསོ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག་སློབ་གསོར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ནན་ཏན་བྱས་པས་རིམ་པ་ཁག་གི་རིགས་ཁག་སློབ་གྲྭའི་སློབ་གཉེར་ཆུ་ཚད་དང་སློབ་ཁྲིད་སྤུས་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད། ལྗོངས་ཡོངས་སུ་མ་དངུལ་སྒོར་དུང་ཕྱུར་10.9བཏང་ནས་སྐད་གཉིས་བུ་བཅོལ་ཁང་458གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་8.5བཏང་ནས་སློབ་གྲྭ་164གསར་སྐྲུན་རྒྱས་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི་8170བཏང་ནས་འོས་འགན་སློབ་གསོ་ཉམས་ཞན་སློབ་གྲྭའི་སློབ་ཁྲིད་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ། མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་མཐོ་འབྲིང་8སྒྱུར་བཀོད་བྱས་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པ་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2བཏང་བ་བཅས་རེད།
             2017ལོར་བོད་ཀྱི་སློབ་གསོའི་ཐད་སློབ་གསོར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་བྱས་ཐོག་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། སློབ་གསོའི་གྲོན་དངུལ་དང་དགེ་རྒན་བཀོད་སྒྲིག་བྱེད་པའི་ཐད་ཞིང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག་གི་མཐོ་གྲང་ས་ཁུལ་དང་། ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཉམས་ཞན། མཐའ་མཚམས་སློབ་གྲྭ་བཅས་ལ་གཟིགས་སྐྱོང་བྱས་ནས་སློབ་གྲྭ་འབྲིང་ཆུང་ལ་སྐད་གཉིས་སློབ་ཁྲིད་བྱེད་ཚད་100%དང་། སློབ་ཆུང་དུ་སློབ་ཚན་ཁྲིད་ཚད་100% སློབ་འབྲིང་གི་རྩིས་རིག་དང་དངོས་ལུགས་དང་རྫས་འགྱུར་བཅས་ཀྱི་སློབ་ཁྲིད་འཆར་གཞི་ལེགས་སྒྲུབ་བྱེད་ཚད་100% སློབ་འབྲིང་གི་དངོས་ལུགས་དང་རྫས་འགྱུར་དང་སྐྱེ་དངོས་བཅས་ཀྱི་ཚོད་ལྟའི་སློབ་ཚན་ཁྲིད་ཚད་100% ལས་རིགས་ལག་རྩལ་སློབ་གྲྭའི་རྒྱལ་ཁབ་དཀར་ཆག་ནང་གཏན་འཁེལ་བྱས་པའི་སློབ་ཚན་ཁྲིད་ཚད་100%བཅས་ཟིན་པར་བྱས་ནས་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
             “2017ལོར། ང་ཚོས་2016ལོར་ཐོབ་པའི་གྲུབ་འབྲས་ལས་སློབ་གསོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཐོག ནང་སའི་སློབ་གྲྭའི་དོ་དམ་ཉམས་མྱོང་དང་ལམ་ལུགས་བཟང་པོར་ཟུར་ལྟ་བྱེད་པའམ་ནང་འདྲེན་བྱས་ནས་སློབ་གྲྭའི་སྒྲིག་ཡིག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་ཀྱིས་རྫོང་ཁོངས་སློབ་གྲྭ་ཚན་པར་བྱས་ནས་སློབ་ཁྲིད་རྒྱུན་གཏན་དོ་དམ་སོགས་སློབ་གྲྭ་དོ་དམ་བྱེད་པའི་གཞི་རྩའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་སློབ་གསོ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།