འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོ·ནེ་པ་ལའི་བཟོ་ལས་གླིང་འཛུགས་རྒྱུའི་གྲ་སྒྲིག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོ·ནེ་པ་ལའི་བཟོ་ལས་གླིང་འཛུགས་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་ནས་དུས་འགོའི་ལས་དོན་སྤེལ་ཟིན་པ་རེད།
              ཀྲུང་གོ·ནེ་པ་ལའི་བཟོ་ལས་གླིང་གི་འཆར་གཞི་དེ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་བཟོ་ལས་གླིང་དུ་གྲགས་ཅན་ཚོང་རྟགས་ཀྱི་གྱོན་གོས་འཚབ་ལས་སྣོན་བཟོ་གྲྭ་དང་། ནུས་རྒྱུའི་ཐོན་ལས་ཟོག་འདྲེན། དམངས་འཚོའི་སྤྱོད་ཆས་བཟོ་བ། རླངས་འཁོར་ཧྲིལ་པོ་ལྷུ་སྒྲིག ཆུ་གཙང་སེལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན། གློག་རྡུལ་ཐོན་རྫས་ཐོན་སྐྱེད། ནུས་རྒྱུ་གསར་པའི་ཐོན་ལས་སོགས་ཕྱིར་གཏོང་རིགས་སྣ་ཚོགས་ཀྱི་ཁེ་ལས་ནང་འདྲེན་བྱས་ནས་ས་གནས་དེ་གའི་དགོས་མཁོ་སྐོང་བ་དང་ཆབས་ཅིག ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཐོན་ལས་སྦྲེལ་ཐག་གཏོད་རྒྱུ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་གླིང་གི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཀྲུང་གོ·ནེ་པ་ལའི་བཟོ་ལས་གླིང”གི་འཛུགས་སྐྲུན་དེ“ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ”དང“ལྷ་སའི་ཐོན་ལས་སྤེལ་རེས་ལྟེ་གནས” “དཔལ་འབྱོར་གསར་སྤེལ་ཁུལ་སྙེ་མོའི་ཐོན་ལས་གླིང”བཅས་ཀྱི་འཛུགས་སྐྲུན་ལས་དོན་དང་ཟུང་འབྲེལ་གྱིས་སྦྲེལ་མཐུད་གང་ལེགས་དང་ནུས་ཆེ་བསྡུ་སྒྲིལ་བྱས་ནས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི“ཁུལ་གཅིག་གླིང་མང”འཛུགས་སྐྲུན་གྱི་ཆེད་དོན་རྣམ་གྲངས་ལས་དོན་བཀོད་འདོམས་པུའུ་དང་སྟོབས་ཤུགས་ཧྲག་པོ་གདམ་གསེས་དང་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་ལས་དོན་ལ་སྐུལ་མ་མགྱོགས་མྱུར་གཏོང་རྒྱུ་རེད།
             འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཟླ་5པའི་ཟླ་མཇུག་ཏུ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་པེ་ཅིང་སློབ་ཆེན་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ནས་ནེ་པ་ལར་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ཏེ་ནེ་པ་ལའི་བཟོ་ལས་པུའུ་ལ་ཀྲུང་ནེ་བཟོ་ལས་གླིང་གསར་སྤེལ་གྱི་རེ་ཞུ་ཕུལ་བ་མ་ཟད། ནེ་པ་ལའི་མིག་སྔའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་དང་། བཟོ་ལས་འཕེལ་རྒྱས་ཆུ་ཚད། རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་འཆར་འགོད། ནེ་པ་ལའི་སྲིད་གཞུང་གིས་ཀྲུང་ནེ་བཟོ་ལས་མཉམ་ལས་གླིང་བསྐྲུན་རྒྱུའི་རྣམ་འགྱུར་བཅས་ཀྱི་ཐད་ལ་ཤེས་རྟོགས་གཏིང་ཟབ་བྱས་ཐོག་རྟོག་ཞིབ་བྱས་འབྲས་ལ་གཞིགས་ནས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་《ནེ་པ་ལར་ཀྲུང་གོའི་བཟོ་ལས་གླིང་བསྐྲུན་རྒྱུའི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་》བཟོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།